ཨ་རིའི་གཞུང་གིས་ཨ་རིའི་ཁྲིམས་ལུགས་དང་འགལ་བའི་སློབ་མའི་མཐོང་མཆན་༦༠༠༠ ལྷག་ཕྱིར་འཐེན་བྱས་ཡོད་པར་བརྗོད་འདུག
ཨ་རིས་ཁྲིམས་འགལ་གྱི་ལས་ཀ་བྱས་པ་དང་། དུས་བཀག་ལས་བརྒལ་ནས་ཨ་རིའི་ནང་བསྡད་པ། དེ་བཞིན་དྲག་སྤྱོད་རིང་ལུགས་དང་འབྲེལ་བའི་སློབ་མའི་མཐོང་མཆན་༦༠༠༠ ལྷག་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་འདུག།

ཟླ་འདིའི་ཚེས་༡༩ ཉིན། རྒྱ་གར་གྱི་༼THE HINDU ༽ ཧིན་དཱུ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གཞུང་གིས་དུས་བཀག་ལས་བརྒལ་ནས་ཨ་རི་ལ་བསྡད་པ་དང་། ནག་ཉེས་བསགས་པ། དེ་བཞིན་དྲག་སྤྱོད་རིང་ལུགས་དང་འབྲེལ་བའི་བྱ་སྤྱོད་སྤེལ་བ་སོགས། ཨ་རིའི་ཁྲིམས་ལུགས་དང་འགལ་བའི་རྐྱེན་གྱིས་སློབ་མའི་མཐོང་མཆན་༦༠༠༠ ལྷག་ཕྱིར་འཐེན་བྱས་ཡོད་འདུག་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ཤིག་གིས། སྤྱིའི་གྲངས་འབོར་ལས་གསུམ་ཆ་གཉིས་ཙམ་ནག་ཉེས་ཀྱི་བྱ་སྤྱོད་དང་ཐད་ཀར་འབྲེལ་བ་ཡོད་པར་བརྗོད་འདུག
དེ་བཞིན་མིང་བརྗོད་འདོད་མེད་པའི་དཔོན་རིགས་ཤིག་གིས། ཕྱིར་འཐེན་བྱས་པའི་མཐོང་མཆན་༦༠༠༠ གི་ཁོངས་ནས་༤༠༠༠ ཙམ་གྱིས་ཁྲིམས་འགལ་བྱས་པས་རེད་ཅེས་དང་། མཐོང་མཆན་༢༠༠ ནས་༣༠༠ བར་རྩིས་མེད་བཏང་བ་ནི་དྲག་སྤྱོད་རིང་ལུགས་དང་འབྲེལ་བ་ཡོད་པ་རེད་ཅེས་བརྗོད་འདུག ཁོང་གིས་མཐོང་མཆན་རྩིས་མེད་གཏོང་རྒྱུ་དེ་དབུས་གཞུང་གིས་གཞིས་སྤོའི་ཁྲིམས་ལུགས་ལག་བསྟར་བྱེད་བཞིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་མེད་པ་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་ཡོད་ན་ཡང་། མཐོང་མཆན་ཕྱིར་འཐེན་བྱས་པའི་མི་དེ་དག་གང་ནས་ཡིན་པ་དང་། ཁོང་ཚོ་ད་དུང་ཨ་རིའི་ནང་དུ་ཡོད་མེད་སྐོར་གྱི་གནས་ཚུལ་ཞིབ་ཕྲ་བརྗོད་མི་འདུག
རྒྱ་གར་གྱི་༼Firstpost༽ ཞེས་པའི་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་ཊོམ་ལ་ངོ་རྒོལ་བྱེད་མཁན་དང་། ཧ་མ་སི་དང་ཧི་ཛི་བྷོ་ལ། ཧུ་ཐི་བཅས་ཨ་རིའི་གཞུང་གིས་ཕྱི་རྒྱལ་གྱི་དྲག་སྤྱོད་ཚོགས་པ་ལ་ངོས་འཛིན་བྱས་པའི་ཚོགས་པ་དེ་དག་ལ་རྒྱབ་སྐྱོར་བྱས་པའི་བརྙན་དང་པར་སོགས་དྲྭ་ཐོག་ཏུ་སྤེལ་མཁན་གྱི་ཕྱི་རྒྱལ་སློབ་མ་དང་། ཡུལ་སྐོར་སྤྲོ་འཆམ་པ། ཐ་ན་ཨ་རིའི་ནང་དུ་ཁྲིམས་མཐུན་གྱིས་གཏན་སྡོད་དང་ལས་ཀ་བྱེད་པའི་ཐོབ་ཐང་ཡོད་མཁན་༼Green Card Holder༽ རྣམས་ཀྱི་མཐོང་མཆན་ཕྱིར་འཐེན་བྱེད་བཞིན་ཡོད་འདུག
རྒྱ་གར་གསར་ཁང་དེས་ཨ་རི་ནི་དམངས་གཙོའི་རྒྱ་ཁབ་དང་རྒྱུན་དུ་གཞན་ལ་སྨྲ་བརྗོད་རང་དབང་དང་འདྲ་མཉམ། ཐོབ་ཐང་སོགས་ཀྱི་སྐོར་ལམ་སྟོན་བྱེད་མཁན་ཞིག་ཡིན་ན་ཡང་། ད་ལྟ་མི་མང་གི་སྨྲ་བརྗོད་རང་དབང་ལ་བཀག་འགོག་བྱེད་བཞིན་པའི་སྐྱོན་བརྗོད་བྱས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷི་ཡོས། མཐོང་མཆན་ཐོབ་མཁན་ཚོས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང་འགལ་བའི་བྱ་སྤྱོད་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས། མཐོང་མཆན་བརྒྱ་ཕྲག་འགའ་ཤས་དང་། ཡང་ན་སྟོང་ཕྲག་བར་རྩིས་མེད་བཏང་ཡོད་སྐོར་གསུངས་འདུག
ཊོམ་སྲིད་གཞུང་གི་དཔོན་རིགས་ཚོས། མཐོང་མཆན་ཡོད་མཁན་དང་ཨ་རིའི་མི་སེར་མིན་ཡང་དམིགས་བསལ་ཐོབ་ཐང་ཡོད་མཁན་ཚོས་པ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པའམ་ཨི་སི་རེལ་ལ་སྐྱོན་བརྗོད་བྱས་ཚེ། བྱ་སྤྱོད་དེ་དག་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ལ་ཉེན་ཚབས་བསྐྲུན་པར་བརྩིས་ནས་མི་དེ་དག་ལ་ཧ་མ་སི་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མིང་བཏགས་ཏེ། རྒྱལ་ཁབ་ནས་ཕྱིར་འབུད་གཏོང་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་ཡོད་འདུག
ཨི་སི་རེལ་དང་ཧ་མ་སིའི་བར་འཐབ་འཛིང་བྱེད་པའི་སྐབས་སུ། ཨ་རིའི་ནང་སློབ་ཕྲུག་ཚོས་པ་ལི་སི་ཐན་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་དང་། ཨི་སི་རེལ་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་རྗེས། སྲིད་འཛིན་ཊོམ་གྱིས་གཙུག་ལག་སློབ་ཆེན་ཁག་ལ་དེའི་ཐད་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག
ཕྱི་རྒྱལ་སློབ་ཕྲུག་གི་གྲངས་ཐོ་ཕྱོགས་སྒྲིག་བྱེད་མཁན་༼Open Doors༽ ཞེས་པའི་སྒྲིག་འཛུགས་ལྟར་ན། ཕྱི་ལོ་༢༠༢༣-༢༠༢༤ ལོའི་སློབ་དུས་སུ། ཨ་རིའི་མཐོ་རིམ་སློབ་གྲྭ་ཁག་ཏུ་རྒྱལ་ཁབ་༢༡༠ ལྷག་ནས་ཡོང་བའི་རྒྱལ་སྤྱིའི་སློབ་ཕྲུག་ས་ཡ་༡།༡ ལྷག་གིས་སློབ་ཞུགས་བྱས་ཡོད་པ་བྷི་བྷི་སི་གསར་ཁང་གིས་བཀོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།