ཨ་རིའི་གཞུང་ཚབ་པས་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བྱེད་པའི་རེ་སྐུལ་བྱས་འདུག

ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཉེ་བའི་ཆར་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་བོད་དུ་སྐོར་བསྐྱོད་དུ་འགྲོ་བཅུག་ཡོད་པ་དང་། ཁོང་གིས་རྒྱ་ནག་གཞུང་ལ་བོད་ནང་རང་དབང་ཐོག་སེམས་འཚབ་ཡོད་པ་དང་། རྒྱ་ནག་གིས་༧གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་གྲོས་མོལ་བྱས་ཏེ་བོད་རྒྱའི་གནད་དོན་སེལ་ཐབས་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་འདུག

དེ་ཡང་ཟླ་༥ པའི་ཚེས་༡༩ ནས་༢༥ བར་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་ཊེ་རི་བྷེ་རན་སི་ཀྲཌ་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་སྐོར་བསྐྱོད་ལ་ཕྱིན་ཡོད་པ་དང་། སྐོར་བསྐྱོད་དེ་ཡང་ལོ་མང་རྗེས་ཨ་རིའི་གཞུང་ཚབ་པ་ཞིག་བོད་དུ་འགྲོ་བཅུག་པ་ཡིན་པས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་སྤེལ་ཡོད་པ་རེད། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གི་ཕྱི་འབྲེལ་ལས་ཁང་གི་མགྲིན་ཚབ་པ་ལུ་ཁཱང་གིས། ཨ་རིའི་གཞུང་ཚབ་པའི་སྐོར་བསྐྱོད་དེས་ཁོང་ལ་གཞན་ལས་གོ་བའི་སྐད་ཆ་དང་དམའ་འབེབས་ཀྱི་གཏམ་བཤད་རྣམས་ཀྱིས་མགོ་སྐོར་མི་ཐེབས་པར། དངོས་ཡོད་གནས་ཚུལ་ལ་གུས་བརྩི་བྱས་ཏེ་ཕྱོགས་ལྷུང་མེད་པའི་སྡོམ་ཚིག་རྒྱག་པར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་པས་ལོ་ངོ་༦༠ ཡི་སྔོན་ལ་བོད་ཞི་བའི་བཅིངས་གྲོལ་བཏང་ནས་བོད་མི་རྣམས་ཀྱི་དཔལ་འབྱོར་དང་འཚོ་བར་ཡར་རྒྱས་ཧང་སངས་དགོས་པ་ཕྱིན་ཡོད་པ་དེ། དངོས་སུ་མཐོང་ཆེད་དུ་སྐོར་བསྐྱོད་དེར་དགའ་བསུ་ཡོད་སྐོར་བརྗོད་འདུག

ཟླ་༥ པའི་ཚེས་༢༥ ཉིན་གཞུང་ཚབ་པས་སྐོར་བསྐྱོད་མཇུག་བསྒྲིལ་ཡོད་པས། གཞུང་ཚབ་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་དུ་ཁོང་གིས་རྒྱ་ནག་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་༧གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་བྱས་ཏེ། བོད་རྒྱའི་གནད་དོན་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བྱས་ཡོད་པ་དང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱི་ཆོས་ཉམས་ལེན་དང་ཆོས་ཕྱོགས་འདུ་འཛོམས་གོ་སྒྲིག་རང་དབང་ལ་ཐེ་བྱུས་བྱེད་ཀྱི་ཡོད་པའི་སེམས་འཚབ་ཡོད་སྐོར་བརྗོད་ཡོད་ཁར། བོད་རང་སྐྱོང་ལྗོངས་ཁུལ་དུ་འགྲོ་བསྐྱོད་དམ་དྲག་ཐོག་སེམས་འཚབ་ཡོད་པ་བརྗོད་ཡོད་འདུག

གཞུང་ཚབ་པ་ཁོང་ཕོ་བྲང་པོ་ཏ་ལ་དང་ཇོ་ཁང་། ནོར་བུ་གླིང་ཁ། སེ་ར་དགོན་པ་སོགས་སུ་འགྲོ་བཅུག་ཡོད་ཁར། བོད་ཀྱི་ཆོས་རིག་གི་འགོ་ཁྲིད་རྒན་པ་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་སྐོར་གཞུང་ཚབ་ཁང་གིས་བརྗོད་འདུག

ད་ལྟའི་ཆར་ཨ་རིའི་གཞུང་ཚབ་པའི་སྐད་ཆ་དེའི་ཐོག རྒྱ་ནག་གཞུང་ལ་བསམ་ཚུལ་ག་རེ་ཡོད་མེད་ཐོག་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།