ཨ་རིའི་གསར་ཁང་ཁག་གིས་ཊོམ་ལ་ཁ་གཏད་བཅག་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་ནང་གི་གསར་ཁང་ཁག་མང་པོ་ཞིག་གི་གནས་ཚུལ་རྫུན་མ་འདོན་གྱི་ཡོད་པའི་གཞི་མེད་ཀྱི་སྐྱོན་བརྗོད་མང་པོ་བྱེད་བཞིན་པ་དང་། བརྒྱུད་ལམ་དེ་དག་ནི་མི་མང་གི་དགྲ་བོ་ཡིན་སྐོར་བརྗོད་ཀྱི་ཡོད་པས། ཨ་རིའི་གསར་ཁང་ཁག་གིས་ཊོམ་གྱི་བྱེད་སྟངས་ལ་སྐྱོན་བརྗོད་དང་གསར་འགོད་རང་དབང་གི་རྩོམ་སྒྲིག་པའི་གཏམ་བྲིས་ཏེ། ཊོམ་ལ་ཁ་གཏད་བཅག་འདུག
ཟླ་༨ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་ཨ་རིའི་ནང་གི་གསར་ཁང་ཆེ་གྲས་བྷོ་སེ་ཊོན་གྷེ་ལོབ་ཀྱིས། རྒྱལ་ནང་གི་གསར་ཁང་ཚང་མར་འབོད་སྐུལ་བྱས་ཏེ། ཨ་རིའི་སྲིད་འཛིན་ཊོམ་གྱི་བརྒྱུད་ལམ་ཁག་ལ་བཟང་སྤྱོད་དང་མི་ལྡན་པའི་སྐྱོན་བརྗོད་ལ་ངོས་ལེན་མི་བྱེད་པ་དང་ཁ་གཏད་གཅོག་ཆེད། ཟླ་༨ པའི་ཚེས་༡༦ ཉིན་གསར་ཤོག་དེས་རྩོམ་སྒྲིག་པའི་གཏམ་དུ་འཛིན་སྐྱོང་གི་གསར་ཁང་ལ་སྙད་གདོགས་བྱེད་པའི་ཉེན་ཁའི་ཐོག་འབྲི་རྒྱུ་ཁས་ལེན་བྱས་ཏེ། གསར་ཤོག་གཞན་རྣམས་ཀྱིས་དེ་ལྟར་བྱེད་པའི་སྐུལ་མ་བྱས་ཡོད་འདུག
ཟླ་༨ པའི་ཚེས་༡༦ ཉིན་ཨ་རིའི་གསར་ཁང་༣༠༠ ལས་མང་བས། སྲིད་འཛིན་ཊོམ་གྱི་བརྒྱུད་ལམ་ཁག་ལ་སྙད་གདོགས་པའི་བྱེད་སྟངས་ལ་ཁ་གཏད་གཅོག་ཆེད། གསར་འགོད་རང་དབང་གི་ལས་འགུལ་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། དེའི་ཐོག་དབྱིན་ཡུལ་ནང་གི་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་གྲས་གྷར་ཌེན་གྱིས་ཀྱང་རྩོམ་སྒྲིག་པའི་གཏམ་དུ་ཊོམ་ལ་ཁ་གཏད་བཅག་ཡོད་འདུག རྩོམ་སྒྲིག་པའི་གཏམ་ནང་དུ་སྲིད་འཛིན་ཊོམ་ནི་གསར་ཁང་ཁག་གི་ལས་དོན་ལ་སྣང་ཆུང་དང་དེ་དག་གི་དབང་ཚད་འཕྲོག་ཐབས། དེ་བཞིན་ཉེན་ཁ་བཟོ་ཐབས་འཆར་གཞི་ལྡན་པའི་ཐོག་ནས་བསྟུད་མར་འཇུག་མཁན་གྱི་སྲིད་འཛིན་ཐོག་མར་དེ་ཆགས་ཡོད་སྐོར་བྲིས་འདུག
ཨ་རིའི་ནང་གི་གསར་ཤོག་ཆེ་ཤོས་ནིའུ་ཡོག་དུས་བབ་ཀྱིས་ཁ་བྱང་གསར་འགོད་རང་དབང་ལ་ཁྱེད་ཀྱི་རྒྱབ་སྐྱོར་དགོས་ཞེས་པའི་ནང་། སྲིད་འཛིན་ཊོམ་གྱི་སྙད་གདོགས་ཀྱི་བྱེད་སྟངས་ནི་མང་གཙོའི་གསོན་ཁྲག་ལ་ཉེན་ཁ་ཆེན་པོ་ཡིན་སྐོར་བརྗོད་འདུག་པ་དང་། དེ་དང་མཉམ་དུ་གསར་ཁང་གཞན་ནས་གསར་འགོད་རང་དབང་གི་གལ་ཆེའི་རང་བཞིན་དང་ཊོམ་ལ་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་ལས་ཟུར་འདོན་བྱས་ཏེ་བཀོད་ཡོད་པ་རེད་འདུག
ལས་འགུལ་དེ་ལམ་གཏོད་བྱེད་མཁན་བྷོ་སེ་ཊོམ་གྷེ་ལོབ་ཀྱི་རྩོམ་སྒྲིག་པའི་གཏམ་གྱི་ཁ་བྱང་ལ་གསར་འགོད་པ་རྣམས་ཀྱི་དགྲ་བོ་མིན་ཞེས་བྲིས་ཏེ། དེའི་ནང་དུ་ལོ་༢༠༠ ལས་མང་བའི་རིང་ཨ་རིའི་མི་སེར་རྣམས་ཀྱི་རིན་ཐང་གི་ལྟ་བའི་ནང་། རང་དབང་ལྡན་པའི་གསར་འགོད་ནི་གཙོ་བོ་ཞིག་ཡིན་པ་དང་། དེང་གི་ཆར་རིན་ཐང་གི་ལྟ་བ་དེ་ཉེན་ཁ་ཚབས་ཆེན་གྱི་འོག་ཏུ་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཞིག་གི་གསར་འགོད་རང་དབང་ལ་རྣམ་འགྱུར་སྟོན་སྟངས་དེས། འཛམ་གླིང་ཁྱོན་ཡོངས་ནང་བཙན་བཤད་དབང་འཛིན་པ་ཚོར་བསྐུལ་བརྡ་ཞིག་གཏོང་གི་ཡོད་དང་། བསྐུལ་བརྡ་དེ་ནི་ཞེད་སྣང་ཅན་ཞིག་ཡིན་སྐོར་བྲིས་ཡོད་འདུག
ཨ་རིའི་འཛིན་སྐྱོང་གི་གསར་འགོད་དྲུང་ཆེས་གསར་ཁང་རྣམས་མི་མང་གི་དགྲ་བོ་མིན་པར་ཁས་ལེན་བྱས་མེད་པ་རེད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་གསར་ཁང་ཁག་གི་གནས་ཚུལ་རྣམས་རྫུན་ཡིན་པ་དང་། གསར་འགོད་པ་རྣམས་ནི་མི་མང་གི་དགྲ་བོ་ཡིན་སྐོར་གྱི་སྐྱོན་བརྗོད་བསྟུད་མར་བྱས་ཡོད་པས། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེད་ལས་པ་ཁག་ཅིག་གིས། སྲིད་འཛིན་ཞིག་གི་བྱེད་སྟངས་དེས་གསར་འགོད་པ་རྣམས་ལ་དྲག་རྒོལ་གྱི་གནད་དོན་བྱུང་བའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད་སྐོར་བརྗོད་འདུག
གསར་འགོད་ལྷན་ཚོགས་སྐབས་སུ་སྲིད་འཛིན་ཊོམ་གྱིས། རྒྱུན་དུ་ཊོམ་སྲིད་གཞུང་ལ་ཁ་གཏད་ཀྱི་གནས་ཚུལ་བཏོན་མཁན་གྱི་གསར་ཁང་གི་གསར་འགོད་པ་ཚོར་དྲི་བ་འདྲི་པའི་གོ་སྐབས་མི་སྤྲོད་པ་དང་། རང་ལ་རྒྱབ་སྐྱོར་གྱི་གནས་ཚུལ་བཏོན་མཁན་ཧྥོག་སེ་གསར་ཁང་ལྟ་བུར་གོ་སྐབས་སྤྲད་པ་སོགས། མངོན་གསལ་དོད་པོས་གསར་ཁང་དབར་ལ་དབྱེ་འབྱེད་དང་འཁོན་འཛིན་གསལ་པོའི་རྣམ་འགྱུར་ཐེངས་མང་སྟོན་བཞིན་ཡོད་པ་རེད་ལ། བྱེད་སྟངས་དེས་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཁྲོད་དུ། གསར་ཁང་ཁག་ལ་ལྟ་ཕྱོགས་འགྱུར་བཞིན་པའི་གནས་ཚུང་ཡང་འབྱུང་གི་ཡོད་འདུག དེ་ཡང་དེ་སྔོན་ཟླ་༧ པའི་ནང་སྲིད་འཛིན་ཊོམ་གྱི་གཏམ་བཤད་ལས་འགུལ་ཞིག་གི་ཐོག ཊོམ་གྱི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་གསར་འགོད་པ་ཚོར་ཚིག་རྩུབ་བརྗོད་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
