ཨ་རིའི་གྲོས་ཚོགས་ཀྱིས་“ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་”གི་ཁྲིམས་འཆར་གཏན་ལ་ཕབ་འདུག
ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་“ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་ཁྲིམས་”(Uyghur Forced Labor Prevention Act) ཀྱི་ནང་དུ། ཨ་རི་དང་རྒྱལ་སྤྱིའི་བཟོ་ཚོང་ཁང་རྣམས་ཀྱིས་ཤར་ཏུར་ཀི་སི་ཐན་ནས་ནང་འདྲེན་བྱེད་འདོད་པའི་ཚོང་རྫས་རྣམས་བཙན་འོག་ངལ་རྩོལ་གྱིས་བཟོ་སྐྲུན་བྱས་པ་མ་ཡིན་པའི་དཔང་རྟགས་གསལ་པོར་སྟོན་ཐུབ་ན་མ་གཏོགས། ཐོན་རྫས་གཅིག་ཀྱང་ཨ་རིར་ནང་འདྲེན་བྱེད་མི་ཆོག་པ་བཟོས་ཡོད་འདུག
ཟླ་འདིའི་ཨ་རིའི་ཚེས་༡༦ ཉིན་ཨ་རིའི་གྲོས་ཚོགས་གོང་མས་“ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་ཁྲིམས་”ཞེས་པའི་ཁྲིམས་འཆར་དེ་སྤྱི་མོས་ཐོག་ནས་གཏན་ལ་ཕབ་འདུག་པས། ད་ལྟ་ཁྲིམས་འཆར་དེ་སྲིད་འཛིན་བྷ་ཌན་གྱི་གསོལ་ཅོག་ལ་སྐྱེལ་རྒྱུ་རེད་འདུག་པ་མ་ཟད། སྲིད་འཛིན་བྷ་ཌན་གྱིས་ཀྱང་དེ་ལ་མཚན་རྟགས་འགོད་རྒྱུ་ཡིན་པའི་ཁས་ལེན་གནང་ཟིན་ཡོད་འདུག
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཐེངས་ཀྱི་ཁྲིམས་འཆར་འདི་ནི་ཆེད་དུ་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་མེད་དང་། བཙན་འོག་ངལ་རྩོལ་གྱི་སྲིད་བྱུས་ལ་ཁ་གཏད་གཅོག་བྱེད་དུ་དམིགས་པའི་ཁྲིམས་འཆར་གལ་གནད་ཆེ་ཤོས་ཤིག་ཡིན་འདུག་ཅིང་། གཏན་ལ་འབེབས་པར་ཉེ་བའི་ཁྲིམས་དེའི་འོག་ཏུ། བཟོ་ཚོང་ཁང་རྣམས་ཀྱིས་ཤར་ཏུར་ཀི་སི་ཐན་གྱི་ཐོན་རྫས་གང་རུང་ཞིག་ཨ་རིར་ནང་འདྲེན་བྱེད་སྐབས། ཐོན་རྫས་དེ་ཡུ་གུར་བ་ཚོས་བཙན་འོག་ངལ་རྩོལ་གྱིས་བཟོ་སྐྲུན་བྱས་པ་ཞིག་མ་ཡིན་པའི་དཔང་རྟགས་གསལ་པོར་སྟོན་ཐུབ་ན་མ་གཏོགས་ནང་འདྲེན་བྱེད་མི་ཆོག་པ་བཟོས་ཡོད་འདུག
རྒྱ་ནག་གི་བཙན་དབང་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་ནམ་ཤིང་ཅང་ནི་གཏེར་ཁ་དང་ཐོན་རྫས་སྣ་ཚོགས་ཀྱིས་ཕྱུག་པའི་ས་ཁུལ་ཞིག་ཡིན་སྟབས། རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག་པས། ཨ་རིའི་ཁྲིམས་འཆར་གསར་པ་འདིས་རྒྱ་ནག་གི་སྣང་བརྙན་ལ་གནོད་པ་ཙམ་མ་ཡིན་པར་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཁྲིམས་འཆར་འདིར་ནུས་ཤུགས་འདོན་མཁན་གཙོ་བོ་དང་། གྲོས་ཚོགས་གོང་མའི་འཐུས་མི་མར་ཁོའོ-རུའུ་བྷེའོ་(Marco Rubio) ཡིས་“བཟོ་ཚོང་ཁང་མང་པོ་ཞིག་གིས་སོ་སོའི་ནང་འདྲེན་གྱི་ཚོང་རྫས་རྣམས་གཙང་མ་བཟོ་བའི་གོམ་པ་སྤོས་ཟིན་ཡོད་པས། ཁོ་ཚོས་ཁྲིམས་[གསར་པ་]འདི་ལ་སེམས་ཁྲལ་བྱེད་དགོས་མེད། དེ་ལྟར་བྱས་མེད་པའི་བཟོ་ཚོང་རྣམས་ཀྱིས་སྔར་རྒྱུན་ལྟར་ཨ་རི་བ་རྣམས་—དྲང་པོ་བཤད་ན། ང་ཚོ་ཚང་མ་རེད།—མ་ཤེས་པའི་ཐོག་ནས་མི་རིགས་རྩ་མེད་ཀྱི་ནག་ཉེས་ལ་རོགས་པ་བྱེད་དུ་འཇུག་ཐུབ་ཀྱི་མ་རེད་”ཅེས་བརྗོད་འདུག
ཨ་རིའི་གྲོས་ཚོགས་ནས་“ཡུ་གུར་གྱི་བཙན་འོག་ངལ་རྩོལ་བཀག་འགོག་ཁྲིམས་”གཏན་ལ་ཕབ་པ་དེར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། ཡུ་གུར་བ་རྣམས་ཀྱིས་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་བྱས་འདུག་སྟེ། ཨ་རིའི་ཡུ་གུར་མཐུན་ཚོགས་ཀྱི་དྲུང་ཆེ་ཨེ་ཋར་བྷར་(Elfidar Iltebir) གྱིས་”དེ་རིང་ནི་འགྲོ་བ་མིའི་རིན་ཐང་རྒྱལ་བའི་ཉིན་མོ་མེད། ཨ་རིའི་གྲོས་ཚོགས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་བྱ་སྤྱོད་འདི་སྤེལ་བ་ཡིས། འཛམ་གླིང་ལ་ས་ཕྱོགས་གང་དུ་ཡང་བྲན་གཡོག་དང་བཙན་འོག་ངལ་རྩོལ་ཁས་ལེན་བྱེད་ཐབས་བྲལ་ཡོད་ཅེས་བཤད་པ་རེད་”ཅེས་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།