ཨ་རིའི་གྲོས་ཚོགས་ནང་ཡུ་གུར་དང་ཧོང་ཀོང་ལ་འབྲེལ་བའི་ཁྲིམས་འཆར་གཉིས་གཏན་འབེབས་ཐུབ་མི་འདུག
ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཆེད་དུ་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གལ་ཆེན་ཞིག་གཏན་འབེབས་ཐུབ་ཡོད་ཀྱང་། དངོས་སུ་རྒྱ་ནག་གི་ཚོང་ལས་ལ་གནོད་པའི་ཁྲིམས་འཆར་ཞིག་དང་ཧོང་ཀོང་མི་མང་པ་ཕན་པའི་ཁྲིམས་འཆར་ཞིག་གཏན་འབེབས་ཐུབ་མེད་འདུག
ཟླ་༡༢ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་དུ་ངེས་པར་དུ་གཏན་འབེབས་དགོས་པའི་འགྲོ་གྲོན་ཁྲིམས་འཆར་བཏོན་ཡོད་པ་དང་། དེའི་ནང་དུ་བོད་དོན་དང་ཁྲིམས་འཆར་གཞན་མང་པོ་ཞིག་ཀྱང་བཏོན་ནས་འོས་བསྡུ་མི་དགོས་པར་གཏན་འབེབས་ཐུབ་ཡོད་པ་རེད། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཞེས་པ་དེ་གཏན་འབེབས་བྱུང་རྗེས། རྒྱལ་སྤྱིའི་ནང་དུ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་གནོད་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་ཤུགས་ཆེན་པོ་ཁྱབ་སྤེལ་སོང་ཡོད་པ་རེད་དེ། རྒྱ་ནག་གི་སྟོབསཤུགས་གཙོ་བོ་སྟེ་དཔལ་འབྱོར་གྱི་སྟོབས་ཤུགས་ལ་འགོག་རྐྱེན་བཟོ་ཐུབ་སྲིད་པའི་ཡུ་གུར་བའི་ངལ་རྩོལ་དང་འབྲེལ་བའི་ཁྲིམས་འཆར་ཞིག ངེས་པར་དུ་གཏན་འབེབས་དགོས་པའི་འགྲོ་གྲོན་ཁྲིམས་འཆར་ནང་དུ་བཞག་མེད་འདུག དེ་ཡང་རྒྱུ་མཚན་གཙོ་བོ་ཞིག་ནི་ཁྲིམས་འཆར་དེ་དང་འབྲེལ་ནས་ཨ་རིའི་ཚོང་ལས་ཁང་ཆེ་ཁག་མང་པོ་ཞིག་གིས། ཨ་རིའི་གྲོས་ཚོགས་གོང་མར་ཁྲིམས་འཆར་དེ་གཏན་འབེབས་བྱེད་མི་རུང་བའི་ཞུ་གཏུག་ལས་འགུལ་ཆེན་པོ་སྤེལ་ཡོད་པས་ཡིན་སྐོར་འདུག
དེ་ཡང་ཡུ་གུར་བར་བཙན་དབང་གི་ངལ་རྩོལ་བཀག་འགོག་གི་ཁྲིམས་ཞེས་པའི་ཁྲིམས་འཆར་དེའི་ནང་དུ། ཡུ་གུར་ཁུལ་ནས་བཙན་དབང་གི་ངལ་རྩོལ་བརྒྱུད་ནས་བཟོ་སྐྲུན་བྱས་པའི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་བྱེད་ཆོག་གི་མེད་པའི་ཆ་རྐྱེན་བཏོན་ཡོད་འདུག དེ་ཡང་གལ་ཏེ་ནང་འདྲེན་བྱེད་དགོས་ཚེ་འབྲེལ་ཡོད་ཚོང་ལས་ཁང་གིས་ཐོན་རྫས་རྣམས་བཙན་དབང་གི་ངལ་རྩོལ་བརྒྱུད་ནས་བཟོ་སྐྲུན་བྱས་པ་མིན་པའི་དཔང་རྟགས་ཁུངས་སྐྱེལ་བཙན་པོ་བྱེད་དགོས་ཀྱི་ཡོད་པ་རེད་འདུག ཟླ་༩ པའི་གྲོས་ཚོགས་འོག་མའི་ནང་དུ་གྲོས་ཚོགས་འཐུས་མི་༤༠༦ གིས་རྒྱབ་སྐྱོར་དང་། ༦གིས་དགག་བྱ་བྱས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ནས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་དུ་སླེབས་ཡོད་འདུག བདུན་ཕྲག་སྔོན་མར་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་ལ་ཁྲིམས་འཆར་དེའི་ཚིག་བརྗོད་ལ་བསྒྱུར་བཅོས་དགོས་པའི་བསམ་ཚུལ་བྱུང་ནས། ཚིག་བརྗོད་བསྒྱུར་བཅོས་བཏང་ཡོད་འདུག་ཀྱང་ནང་དོན་འགྱུར་བ་བཏང་མེད་འདུག འོན་ཀྱང་མཐའ་མ་དེར་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་གི་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱབ་སྐྱོར་བྱས་ཡོད་འདུག་ཀྱང་། མང་གཙོ་ཚོགས་པའི་ཚོགས་མི་རྣམས་ནས་རྒྱབ་སྐྱོར་ཐོབ་མེད་པས། ངེས་པར་དུ་གཏན་འབེབས་དགོས་པའི་འགྲོ་གྲོན་ཁྲིམས་འཆར་ནང་དུ་འཇོག་ཐུབ་མེད་འདུག
ཁྲིམས་འཆར་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ངལ་རྩོལ་ཐོབ་ཐང་ཚོགས་པ་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་འདུག་ཀྱང་། རྒྱལ་སྤྱིའི་ཚོང་ལས་མང་པོ་ཞིག་གིས་ཁྲིམས་འཆར་དེར་སྒྱུར་བཅོས་སམ་བཀག་འགོག་གི་ཆེད་དུ་གྲོས་ཚོགས་སུ་ཞུ་གཏུག་ལས་འགུལ་ཆེན་པོ་སྤེལ་ཡོད་པ་རེད། ཞུ་གཏུག་བྱེད་མཁན་ཁོངས་སུ་Coca-Cola, Apple, Nike, དེ་བཞིན་Macy’s, Ralph Lauren, and LVMH Moët Hennessy Louis Vuitton སོགས་ཚོགས་མི་ཡིན་པའི་རྒྱལ་ཡོངས་སིལ་ཚོང་མཐུན་ཚོགས་སོགས་ཡོད་འདུག
དེ་བཞིན་ཧོང་ཀོང་མི་མང་གི་རང་དབང་དང་གདམ་ག་ཁྲིམས་༢༠༢༠ ཞེས་པའི་ནང་དུ། ཧོང་ཀོང་དུ་ཡོད་པའི་མི་མང་དང་དེ་བཞིན་སྔོན་ཚུད་ནས་ཨ་རིར་གནས་སྡོད་བྱེད་མཁན་ཧོང་ཀོང་མི་སེར་རྣམས་ཨ་རིར་དམིགས་བསལ་གྱི་སྐྱབས་བཅོལ་ཐོབ་རྒྱུ་ཡོད་པ་བཟོ་རྒྱུའི་ཆ་རྐྱེན་ཡོད་འདུག་པས། ཟླ་༡༢ པའི་ཚེས་༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་དུ་ཁྲིམས་འཆར་དེ་འདོན་མཁན་གྲོས་ཚོགས་འཐུས་མི་གཉིས་ཀྱིས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་འདུག་ཀྱང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་(Ted Cruz) ཡིས། ཁྲིམས་འཆར་དེ་ནི་མང་གཙོ་ཚོགས་པས་ཨ་རིའི་གནས་སྤོ་བའི་ཁྲིམས་བསྐྱར་བཅོས་བྱེད་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་སོང་ཚེ་རྒྱ་ནག་གིས་སོ་མྱུལ་མང་པོ་ཞིག་ཧོང་ཀོང་མི་སེར་གྱི་ངོ་བོར་ཨ་རིར་གཏོང་བའི་ཉེན་ཁ་ཡོད་སྐོར་བརྗོད་ནས་ཁྲིམས་འཆར་དེར་དགག་བྱ་བྱས་རྐྱེན། གྲོས་ཚོགས་གོང་མ་ནས་གཏན་འབེབས་བྱེད་ཐུབ་མི་འདུག གནད་དོན་དེ་ལ་བརྟེན་ནས་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་གིས་གྲོས་ཚོགས་འཐུས་མི་ཁོང་གི་བསམ་ཚུལ་དེ་དངོས་ཡོད་དང་མཐུན་པ་ཡིན་པ་དང་། མ་འོངས་པར་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཆེད་དུ་སྲིད་དོན་ཚོགས་པ་གཉིས་བར་མོས་མཐུན་བྱུང་ནས་ལས་དོན་མཇུག་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བཞིན་འདུག་ཀྱང་། མང་པོ་ཞིག་གིས་གྲོས་ཚོགས་འཐུས་མི་ཁོང་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག
དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ཡུ་གུར་དང་ཧོང་ཀོང་འབྲེལ་བའི་ཁྲིམས་འཆར་དེ་གཉིས་ལོ་རྗེས་མའི་གྲོས་ཚོགས་གསར་པའི་ནང་དུ་གཏན་འབེབས་ཡོང་སྲིད་པ་ལས། ཐེངས་འདིར་གཏན་འབེབས་ཡོང་རྒྱུ་ཁག་པོ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།