ཨ་རིའི་དམག་དོན་ལྷན་ཁང་གི་སྙན་ཐོའི་ནང་༢༠༢༧ ལོའི་ནང་ཚུན་ཐའེ་ཝན་ལ་དམག་བརྒྱབ་ནས་རྒྱལ་ཁ་ལེན་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་གསལ།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༣ ཉིན། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཕྱི་ལོ་༢༠༢༥ ལོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་དམག་དོན་དང་ཉེན་སྲུང་གི་གོང་འཕེལ་གནས་སྟངས་སྐོར་གྱི་སྙན་ཐོ་དེ་ཨ་རིའི་གྲོས་ཚོགས་སུ་ཕུལ་འདུག

པར། ཨ་རིའི་དམག་དོན་ལྷན་ཁང་།

སྙན་ཐོ་དེའི་ནང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ། འཛམ་གླིང་རིམ་པའི་དམག་དཔུང་ཞིག་ཏུ་འགྱུར་བའི་ཕུགས་བསམ་འགྲུབ་པའི་ཆེད། ཐོན་ཁུངས་དང་འཕྲུལ་རིག ཆབ་སྲིད་ཀྱི་འདུན་པ་བཅས་ཕྱོགས་བསྡུས་བྱས་ཡོད་པ་དང་། ཁོང་ཚོས་ཨ་རི་ནི་དགྲ་བོ་སྟོབས་ལྡན་དུ་བརྩིས་ནས། རྒྱལ་ཁབ་ཡོངས་རྫོགས་དམག་དོན་གྱི་ངོ་བོར་བསྒྱུར་བའི་རྒྱལ་ཡོངས་ཀྱི་དམག་འཁྲུག་(National total war) ཟེར་བའི་ཐབས་བྱུས་འོག་ཨ་རིར་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་པ་བརྗོད་འདུག
རྡུལ་ཕྲན་མཚོན་ཆ་རྒྱ་སྐྱེད་དང་འབྲེལ། རྒྱ་ནག་གིས་རང་ཉིད་ཀྱི་རྡུལ་ཕྲན་མཚོན་ཆའི་གྲངས་འབོར་སྔོན་དཔག་བྱས་པ་ལས་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་༢༠༣༠ ལོའི་མཚམས་སུ་རྡུལ་ཕྲན་མཚོན་ཆ་༡༠༠༠ ལྷག་ལ་སླེབས་སྲིད་པ་བརྗོད་འདུག
དེ་བཞིན་ཐའེ་ཝན་དང་འབྲེལ་སྙན་ཐོའི་ནང་། རྒྱ་ནག་གིས་ཕྱི་ལོ་༢༠༢༧ ལོའི་ལོ་མཇུག་བར་དུ་ཐའེ་ཝན་ལ་དམག་བརྒྱབ་ནས་རྒྱལ་ཁ་འཐོབ་པའི་རེ་བ་བྱེད་ཀྱི་ཡོད་པ་བརྗོད་འདུག གཞན་ཡང་། ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༤ ཉིན། ཐའེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཞུའུ་སི་ཆན་༼Hsu Szu-chien༽ གྱིས་ཟླ་བ་བཅུ་པའི་བར་གྱི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐའེ་ཝན་གྱི་ཉེ་འཁོར་དུ་འགྲེམས་འཇོག་བྱས་པའི་དམག་གྲུ་དང་གནམ་གྲུའི་གྲངས་འབོར་དེ་དེ་སྔོན་གྱི་ལོ་གཉིས་དང་བསྡུར་ན་ལྡབ་གཉིས་ཀྱིས་མང་དུ་བཏང་པ་བརྗོད་འདུག
གཞན་ཡང་ཨ་རིའི་དམག་དོན་ལྷན་ཁང་གི་སྙན་ཐོའི་ནང་། ཞི་ཅིན་ཕིང་གི་དུས་སུ་རྒྱ་ནག་གི་དམག་དོན་གྱི་འགྲོ་གྲོན་ལྡབ་གཉིས་ཙམ་འཕར་ཡོད་པ་དང་། ལྷག་པར་དུ་དམག་དོན་མི་བཟོ་རིག་ནུས་(Military AI) དང་། སྐྱེ་དངོས་འཕྲུལ་རིག སྒྲ་ལས་མྱུར་བའི་འཕུར་མདེལ་ (Hypersonic missiles) སོགས་དེང་རབས་ཀྱི་འཕྲུལ་རིག་གསར་པ་མྱུར་དུ་གོང་འཕེལ་གཏོང་བཞིན་ཡོད་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ཀྱི་དབང་སྒྱུར་ལ་ཉེན་ཁ་ཅི་བྱུང་དང་། ཡང་ན། དམར་ཤོག་ཚོགས་པས་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་རྒྱལ་ནང་གི་སྐྱོན་བརྗོད་གང་འདྲ་ཞིག་ལའང་ཧ་ཅང་དོགས་ཟོན་དང་ཚོར་བ་སྐྱེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་པའི་སྟངས་འཛིན་སྲ་བརྟན་དུ་གཏོང་ཆེད། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན། བོད་བཅས་མི་མཐུན་པའི་ཆབ་སྲིད་ཀྱི་ལྟ་བ་འཛིན་མཁན་དང་། དེ་བཞིན་ཐའེ་ཝན་གྱི་ཆབ་སྲིད་དབུ་ཁྲིད་རྣམས་ལ། རང་བཙན་རྩོད་མཁན་གྱི་ཁ་བྲལ་རིང་ལུགས་པ་དང་། དེ་དག་ལ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཟེར་བས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཉེས་མིང་འདོགས་ཀྱི་ཡོད་པ། དམར་ཤོག་ཚོགས་པས་ཚོགས་པའི་ཕྱི་ལོགས་ཀྱི་ཆབ་སྲིད་ཚོགས་པ་འདི་དག་ནི་རང་ཉིད་ཀྱི་དབང་ཆ་དང་ཁྲིམས་མཐུན་རང་བཞིན་ལ་བཟོད་ཐབས་མེད་པའི་འཇིགས་སྐུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།