ཨ་རིའི་ནིའུ་ཡོག་ནང་འཇིགས་སྐུལ་དྲག་རྒོལ་བྱུང་ནས་མི་༨ བསད་ཡོད་འདུག
ཨ་རིའི་ནིའུ་ཡོག་མངའ་སྡེའི་ཁོངས་ཀྱི་གླིང་ཕྲན་མན་ཧ་ཊན་དུ། དོས་སྐྱེལ་རླངས་འཁོར་ཞིག་ལྕགས་རྟ་དང་མིའི་འགྲོ་ལམ་ཐོག་བཏང་ནས། མི་༨ བསད་ཡོད་པ་དང་། མི་༡༡ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག་པ་དེ་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཡིན་པར་བརྗོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ནིའུ་ཡོག་མངའ་སྡེའི་ཁོངས་ཀྱི་གླིང་ཕྲན་མན་ཧ་ཊན་དུ། སྐྱེས་པ་རང་ལོ་༢༩ ལ་སོན་པ་ཞིག་གིས་དོས་སྐྱེལ་རླངས་འཁོར་དཀར་པོ་ཞིག་ལྕགས་རྟ་དང་མིའི་འགྲོ་ལམ་ཐོག་བཏང་ནས། མི་༨ བསད་ཡོད་པ་དང་། མི་༡༡ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ། འཇིགས་སྐུལ་བྱས་ཡོད་འདུག་ཀྱང་། ཉེན་རྟོག་པ་ཞིག་གིས་དྲག་སྤྱོད་པ་དེར་མེ་མདའ་བརྒྱབས་རྗེས་འཇུ་བཟུང་བྱེད་ཐུབ་ཡོད་འདུག གནས་ཚུལ་འདི་ནི་ཕྱི་ལོ་༢༠༠༡ ནས་བཟུང་ནིའུ་ཡོག་ནས་འཇིགས་སྐུལ་དྲག་སྤྱོད་ཁྲོད་ཆེས་ཚེ་སྲོག་མང་ཤོས་ཤོར་བ་དེ་རེད་ཅེས་གཞུང་གི་ལས་བྱེད་ཚོས་བརྗོད་ཡོད་འདུག
དྲག་སྤྱོད་སྤེལ་མཁན་གྱི་མི་དེའི་མིང་ལ་སེས་ཧྥུ་ལོ་སེའི་ཕོའུ་ཞེས་འབོད་ཀྱི་ཡོད་ཅིང་། ཁོ་ནི་ཕྱི་ལོ་༢༠༡༠ ལོར་ཨ་རིར་གནས་སྤོ་བྱས་ནས་ད་ལྟའི་ཆར་ཨ་རིར་ཁྲིམས་མཐུན་ཐོག་གཏན་སྡོད་ཆོག་པའི་ལག་དེབ་ལྗང་གུ་(Green Card) ཟེར་བ་དེ་ཡོད་མཁན་ཞིག་ཡིན་འདུག དོས་སྐྱེལ་རླངས་འཁོར་དེའི་ནང་ནས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འབྲེལ་བ་ཡོད་པའི་ཟིན་ཐོ་ཞིག་རྙེད་ཡོད་འདུག་པ་དང་། དྲག་སྤྱོད་དེའི་ཁྲོད་དུ་ཚེ་སྲོག་ཤོར་མཁན་གྱི་ནང་ནས་མི་ལྔ་ཨར་ཇེན་ཏྲི་ན་ནས་འབྱོར་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་འདུག་པ་དང་། དེ་བཞིན་ཚེ་སྲོག་ཤོར་མཁན་གཅིག་དང་། རྨས་སྐྱོན་ཤོར་ས་གསུམ་བྷེལ་འཇམ་ནས་ཡིན་སྐོར་འདུག
ནིའུ་ཡོག་གྲོང་ཁྱེར་གྱི་གྲོང་སྡེའི་སྤྱི་ཁྱབ་པ་བྷིལ་ཌེ་བྷི་ལ་སིའུ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། བྱ་སྤྱོད་དེ་ནི་“ཉེས་མེད་མི་སེར་ལ་འཇིགས་སྐུལ་བྱེད་པའི་སྡར་མའི་བྱ་སྤྱོད་ཅིག་རེད་”ཅེས་དང་། “བྱ་སྤྱོད་དེ་ང་ཚོའི་སྙིང་སྟོབས་འཇོམས་ཕྱིར་དུ་དམིགས་པ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང་། ནིའུ་ཡོག་པ་རྣམས་སྙིང་སྟོབས་ལྡན་པ་ཞིག་ཡིན་པ་ཡང་ང་ཚོས་ཤེས་ཀྱི་ཡོད། ནིའུ་ཡོག་པ་རྣམས་ནི་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་མཁན་ཡིན་པ་མ་ཟད། འཇིགས་སྣང་སྐུལ་བའི་དྲག་སྤྱོད་འདི་འདྲ་ལ་བརྟེན་ནས་ང་ཚོའི་སྙིང་སྟོབས་ནམ་ཡང་གཞོམ་ཐུབ་ཀྱི་མ་རེད།”ཅེས་བརྗོད་ཡོད་འདུག གནད་དོན་འདིའི་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀྱང་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་བརྒྱུད། འཇིགས་སྐུལ་དྲག་སྤྱོད་དེའི་ཁྲོད་ནས་གནོད་འཚེ་ཕོག་ཡུལ་དང་། ཤུལ་ལུས་ནང་མི་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད་པ་དང་། ཨ་རིའི་རྒྱལ་ཁབ་དང་ལྷ་ཁོང་ཚོའི་མཉམ་དུ་ཡོད་སྐོར་བཅས་བསྒྲགས་ཡོད་འདུག་པ་མ་ཟད། གནས་ཚུལ་དེའི་འབྱུང་ཁུངས་ཞིབ་ཚགས་པོ་རྩད་གཅོད་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ནིའུ་ཡོག་ཉེན་རྟོག་འགན་འཛིན་གྱིས་བརྗོད་པ་ལྟར་ན། དྲག་སྤྱོད་པ་དེས་དོས་སྐྱེལ་རླངས་འཁོར་དེ་གཡར་གླ་གཏོང་མཁན་གྱི་ལག་ནས་གཡར་ཏེ། ཐོག་མར་ལྕགས་རྟ་དང་མིའི་འགྲོ་ལམ་ཐོག་བསྐྱོད་མཁན་རྣམས་ལ་བརྡུང་ཡོད་པ་དང་། དེ་རྗེས་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བརྡབ་སྟེ། དར་མ་གཉིས་དང་ཕྲུ་གུ་གཉིས་ལ་རྨས་སྐྱོན་བཟོས་ཡོད་འདུག དེ་རྗེས་ལག་གཉིས་ནང་མེ་མདའ་ཆུང་ཆུང་གཉིས་བཟུང་ནས་འཇིགས་སྐུལ་རྒོལ་རྡུང་བྱ་ངེས་ཡིན་ཟེར་བརྗོད་ཡོད་འདུག་ཀྱང་། ཉེན་རྟོག་པས་དྲག་སྤྱོད་པའི་གྲོད་ཁོག་ལ་མེ་མདའ་བརྒྱབས་རྗེས་འཇུ་བཟུང་བྱས་ནས་སྨན་ཁང་དུ་ཡོད་འདུག
ལོ་ཤས་གོང་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ནང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་ཡི་ཚོགས་མི་ཁག་གིས། དོས་སྐྱེལ་རླངས་འཁོར་བེད་སྤྱད་ནས་མི་མང་ལ་དྲག་རྒོལ་ཐེངས་མང་སྤེལ་ཏེ། མི་གསོད་ཁྲག་སྦྱོར་ཆེན་པོ་བྱས་ཡོད་པ་དང་། ཐེངས་འདིར་ཨ་རིར་འཇིགས་སྐུལ་རིང་ལུགས་པ་དེའི་ཚོགས་མིས་དྲག་རྒོལ་དེ་རིགས་སྤེལ་བ་ཐོག་མ་ཡིན་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
