ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོང་ཀོང་སྔར་ལྟར་རང་སྲིད་རང་སྐྱོང་ལ་གནས་མེད་ཅེས་བསྒྲགས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་ཧོང་ཀོང་སྔར་ལྟར་རྒྱ་ནག་ནས་རང་སྲིད་རང་སྐྱོང་དུ་གནས་མེད་པ་དང་། རྒྱ་ནག་གིས་གཏན་ལ་འབེབས་འཆར་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཆར་ལ་སྐྱོན་བརྗོད་གནང་འདུག
ཕྱི་ཟླ་ ༥ ཨ་རིའི་ཚེས་ ༢༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་མཱ་ཁི-ཕོམ་ཕོའོ་ཡིས་“དེ་རིང་ངས་གྲོས་ཚོགས་ལ་ཧོང་ཀོང་སྔར་ལྟར་རྒྱ་ནག་ནས་རང་སྲིད་རང་སྐྱོང་དུ་གནས་མེད་པའི་བདེན་དཔང་ཞུ་ཡིག་ཕུལ་བ་དང་། དེ་ཡང་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་བ་ཞིག་ཡིན། ཨ་རི་སྤྱི་མཐུན་རྒྱལ་ཁབ་ཧོང་ཀོང་མི་མང་དང་མཉམ་དུ་ཡོད་”ཅེས་གསུངས་འདུག
ཨ་རིས་ན་ནིང་གཏན་ལ་ཕབ་པའི་“༢༠༡༩ ལོའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་”ཞེས་པའི་འོག ཨ་རིས་ཧོང་ཀོང་ལ་དམིགས་བསལ་ཚོང་ལས་ཐོབ་ཐང་སྟེར་བ་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེས་ལོ་ལྟར་ཧོང་ཀོང་རྒྱ་ནག་ནས་རང་སྲིད་རང་སྐྱོང་དུ་གནས་ཡོད་མེད་ཞིབ་འཇུག་བྱས་ནས་བདེན་དཔང་ཞུ་ཡིག་འབུལ་དགོས་ཡོད།
ཕྱི་སྲིད་དྲུང་ཆེ་ཁོང་གིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་དེའི་ནང་། ཨ་རིའི་ཁྲིམས་འོག་ཏུ་ཧོང་ཀོང་ལ་སྔར་རྒྱུན་ལྟར་དམིགས་བསལ་གྱི་ཐོབ་ཐང་རྣམས་སྟེར་མི་ཆོག་ཚུལ་ཞུས་ཡོད་འདུག ཨ་རིས་ད་བར་ཧོང་ཀོང་ལ་སྟེར་བའི་དམིགས་བསལ་ཐོབ་ཐང་དེ་དག་ནང་ཚོང་ལས་དང་། མ་འཇོག གནས་སྤོ་བཅས་འདུས་ཡོད་པས། ཨ་རིས་ད་ལྟ་རྒྱ་ནག་ལ་བཞག་པའི་ཨ་སྒོར་ཐེར་འབུམ་མང་པོའི་སྒོ་ཁྲལ་ནང་ཧོང་ཀོང་དམིགས་བསལ་བཏང་ནས་བཞག་ཡོད།
དྲུང་ཆེས་རེས་གཟའ་ལྷག་པའི་ཉིན་སྤེལ་བའི་གསུང་བཤད་ནང་། ཁོང་གིས་“གནས་ལུགས་རྟོགས་པའི་མི་སུ་གཅིག་གིས་དེ་རིང་ཧོང་ཀོང་རྒྱ་ནག་ནས་སྔར་རྒྱུན་ལྟར་ཚད་མཐོའི་རང་སྲིད་རང་སྐྱོང་དུ་གནས་ཡོད་ཟེར་མི་སྲིད་”ཅེས་གསུངས་འདུག་ན་ཡང་། ད་ལྟའི་ཆར་ཊོམ་སྲིད་གཞུང་ནས་དངོས་སུ་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་རྣམས་རྩིས་མེད་གཏོང་རྒྱུ་ཡིན་མིན་གྱི་སྐད་ཆ་ཕྱིར་བསྒྲགས་བྱས་ཡོད་མི་འདུག
གཞན་ཡང་། ཕྱི་སྲིད་དྲུང་ཆེ་ཁོང་གིས་རྒྱ་ནག་གིས་གཏན་ལ་འབེབས་འཆར་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་དེ་“ཆག་སྒོའི་ཐག་གཅོད་”ཅིག་ཡིན་ཚུལ་འགྲེལ་བའི་ཁར། བྱེད་སྟངས་དེ་ནི་“ཧོང་ཀོང་གི་རང་སྲིད་རང་སྐྱོང་དང་རང་དབང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་རབ་དང་རིམ་པའི་ཁྲོད་ནས་གསར་ཤོས་དེ་”ཡིན་གསུངས་པ་མ་ཟད། “སྔོན་ཆད་ཨ་རིས་རང་དབང་དང་དར་རྒྱས་ཆེ་བའི་ཧོང་ཀོང་གིས་དབང་ཆ་གཅིག་སྡུད་ཅན་གྱི་རྒྱ་ནག་ལ་མིག་དཔེ་ཞིག་སྟོན་ཐུབ་པའི་རེ་བ་བཅངས་རུང་། ད་ལྟ་རྒྱ་ནག་གིས་ཧོང་ཀོང་སོ་སོའི་འོག་ཏུ་བསྡུ་བཞིན་པ་གསལ་པོར་གྱུར་ཡོད་”ཅེས་བསྣན་འདུག
པེ་ཅིང་གིས་ཉེ་ཆར་གལ་སྲིད་ཨ་རིས་ཧོང་ཀོང་གི་ཉེ་བའི་གནས་ཚུལ་ལ་བརྟེན་ནས་རྒྱ་ནག་ལ་ཉེས་ཆད་བཅད་པ་ཡིན་ན། ཡ་ལན་སློག་གི་ཡིན་པའི་འཇིགས་སྐུལ་བྱས་ཡོད་ན་ཡང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་རེས་གཟའ་མིག་དམར་ཉིན་གསར་འགོད་པ་ཚོ་ལ་བདུན་འདིའི་མཇུག་མ་རྫོགས་གོང་རྒྱ་ནག་སྲིད་ལ་བྱ་སྤྱོད་ཅིག་སྤེལ་རྒྱུ་ཡིན་ཚུལ་བཤད་པ་མ་ཟད། “གལ་སྲིད་རྒྱ་ནག་གིས་ཧོང་ཀོང་མངའ་འོག་ཏུ་བསྡུས་པ་ཡིན་ན།” ཧོང་ཀོང་གོ་ལའི་དཔལ་འབྱོར་ལྟེ་གནས་སུ་གནས་ཐུབ་མིན་ཐེ་ཚོམ་ཡོད་ཚུལ་ཡང་གསུངས་ཡོད་འདུག
ཕྱི་སྲིད་དྲུང་ཆེའི་རེས་གཟའ་ལྷག་པའི་ཐག་གཅོད་དེ་ནི། ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོ་སྲང་ལམ་དུ་དོན་ནས་རྒྱ་ནག་གི་རྒྱལ་གླུ་ལ་གུས་བརྩི་མ་བྱས་ན་ཁྲིམས་དང་འགལ་བའི་ཁྲིམས་འཆར་གསར་པ་དེར་ངོ་རྒོལ་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།