ཨ་རིའི་ཕྱུག་བདག་ཅིག་གིས་རྒྱ་གཞུང་གི་དྲིལ་བསྒྲགས་སྤེལ་རོགས་བྱས་འདུག

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  ཨ་རིའི་ཐེར་འབུམ་གྱི་བདག་པོ་ཞིག་གིས་རྒྱ་ནག་གི་དྲིལ་བསྒྲགས་སྤེལ་མཁན་གྱི་སྒྲིག་འཛུགས་དང་དྲ་ཚིགས་ཁག་ལ་མ་དངུལ་ཕོན་ཆེན་བཏང་ནས་རོགས་རམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་ཞིབ་འཇུག་བྱས་ནས་ཨ་རིའི་ཐེར་འབུམ་བདག་པོ་ནེ་ཝེར་རུའོ་སིན་ཧམ་(Neville Roy Singham) ་ཟེར་བ་ཞིག་གིས་རྒྱ་གར་དང་ལྷོ་ཨ་ཧྥི་རི་ཁ། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གི་དྲིལ་བསྒྲགས་སྤེལ་མཁན་དང་རྒྱ་ནག་སྲུང་སྐྱོབ་བྱེད་མཁན་ཚོ་ལ་མ་དངུལ་ཕོན་ཆེན་བཏང་ནས་རོགས་རམ་བྱས་ཡོད་པ་ཐེར་འདོན་བྱས་ཡོད་འདུག

ནེའུ་ཡོག་དུས་བབ་ཀྱིས་བརྗོད་གསལ་ལྟར་ན། ནེ་ཝེར་རུའོ་སིན་གྱིས་ད་བར་དབྱིན་ཡིག་ཏུ་(No Cold War) ཞེས་པ་དང་། རྒྱ་གར་ལ་རྟེན་གཞི་བྱས་པའི་གསར་འགྱུར་ཁང་(NewsClick) ཟེར་བ་དེ་དང་། དེ་བཞིན་(Code Pink) ་ཞེས་པ་སོགས་ལ་མ་དངུལ་ཕོན་ཆེན་བཏང་ནས་ཨ་རི་དང་རྒྱ་གར། ལྷོ་ཨ་ཧྥི་རི་ཁ་དང་བྷར་ཛིལ་སོགས་སུ་རྒྱ་ནག་གི་དྲིལ་བསྒྲགས་སྤེལ་བར་རོགས་རམ་བྱས་ཡོད་འདུག

ཨ་རིའི་ནང་(Code Pink) ཞེས་པའི་ཚོགས་པ་འགོ་འཛུགས་གནང་མཁན་ནི་ཨ་རིའི་མང་གཙོ་ཚོགས་པའི་ཆབ་སྲིད་ལམ་སྟོན་པ་ཟུར་པ་དང་ཁོང་གྱི་བཟའ་ཟླ་ཇོ་ཏི་ཨེ་ཝན་(Jodie Evans) ཟེར་བ་དེ་ཡིན་ཞིང་། ཐོག་མའི་ཆར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཞིག་ཡིན་རུང་། ད་ལྟའི་ཆར་རྒྱ་ནག་གིས་ཡུ་གུར་ཁ་ཆེ་བ་ཚོ་རྩ་མེད་གཏོང་བཞིན་པར་ཁས་ལེན་མི་བྱེད་མཁན་གྱི་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཁོང་ནི་རྒྱ་ནག་གི་དྲིལ་བསྒྲགས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་མཁན་ཁྲོད་ཀྱི་ལྟེ་བ་དེ་ཆགས་ཡོད་འདུག

རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ནེ་ཝེར་རུའོ་སིན་ཧམ་ནི་ཕྱི་ལོ་༡༩༥༤ ལོར་ཨ་རི་ལ་སྐྱེས་ཞིང་། ཧ་ཝར་ཊི་གཙུག་ལག་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་ཐོག་ལ་སློབ་གཉེར་བྱས་རྗེས། མཉེན་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོག་ལ་ལས་ཀ་ཡུན་རིང་བྱས་མྱོང་མཁན་ཞིག་ཆགས་ཡོད་འདུག    ཁོང་ནི་ཨ་རིའི་ཚོང་པ་འབྱོར་ལྡན་ཞིག་དང་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་པ་མ་ཟད། བསམ་བློའི་ལས་དོན་(Thoughtwork) ་ཞེས་པའི་བརྡ་འཕྲིན་འཕྲུལ་ལས་ཀྱི་བཟོ་ཚོང་ཁང་གསར་འཛུགས་གནང་མཁན་དང་བཟོ་ཚོང་ཁང་གི་འགན་འཛིན་ཟུར་པ་ཞིག་ཀྱང་ཆགས་ཡོད་འདུག

ཁོང་ལ་རྒྱ་མིའི་རྒྱུག་ཁྱི་ཞེས་བརྗོད་ནས་སྐྱོན་བརྗོད་དང་ཁ་རྡུང་གཏོང་མཁན་མང་དག་ཅིག་འབྱུང་བཞིན་ཡོད་ན་ཡང་། ཁོང་གིས་རྒྱ་གཞུང་དང་འབྲེལ་བ་ཡོད་པར་ཁས་ལེན་བྱེད་ཀྱི་མེད་པ་རེད་འདུག ཡིན་ན་ཡང་། ལོ་འདིའི་ཟླ་བ་སྔོན་མའི་ནང་ཁོང་ཉིད་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ཞིག་ལ་ཡང་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག སྤྱིར་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་གི་འགོ་ཁྲིད་འོག རྒྱ་གཞུང་གི་དྲིལ་བསྒྲགས་དག་རང་དབང་ལྡན་པ་དང་ཚད་གཞི་ལྡན་པའི་ཐོག་ཁྱབ་སྤེལ་བྱེད་ཆེད་བརྒྱུད་ལམ་ཁག་ཁྱབ་རྒྱ་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་ལྷན་དུ་མཉམ་ལས་དང་། གཞན་ལ་ཤན་ཤུགས་སྤྲོད་མཁན་ཕྱི་མི་མང་པོ་གསོ་སྐྱོང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།