ཨ་རིའི་བདམས་ཐོན་སྲིད་འཛིན་དང་སྲིད་འཛིན་ཟུར་པ་ཚོས་སྔོན་འགོག་སྨན་རྒྱག་རྒྱུར་མོས་མཐུན་གནང་། 

ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཐོན་ལ་ཉེ་བའི་སྐབས་འདིར། མི་རྣམས་ཀྱིས་སྨན་དེ་བདེ་འཇགས་ཡིན་མིན་གྱི་སེམས་ཁྲལ་བྱེད་ཀྱི་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། བྷོ་ཤི ཁི་ལིན་ཊོན། དེ་བཞིན་བདམས་ཐོན་སྲིད་འཛིན་བྷ་ཌན་བཅས་ཀྱིས་གལ་སྲིད་ནད་ཡམས་ཆེད་ལས་སྨན་པ་ཧྥ་ཆི་(Anthony Fauci) ཡིས་ཉེན་ཁ་མེད་པའི་ཐག་གཅོད་བྱས་ན། ཁོང་ཚོས་སྨན་དེ་བརྒྱབ་ནས་མི་མང་ལ་ཡིད་ཆེས་ཡོང་ཐབས་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ཕྱི་ཟླ་༡༢ ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རླུང་འཕྲིན་ཁང་ཞིག་གིས་སྲིད་འཛིན་ཟུར་པ་ཨོ་བྷ་མ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་“གལ་སྲིད་སྨན་པ་ཧྥ་ཆི་ཡིས་སྔོན་འགོག་སྨན་འདིས་ཉེན་ཁ་མེད་པར་ནད་ཡམས་སྔོན་འགོག་བྱེད་ནུས་གསུངས་པ་ཡིན་ན། ངས་འགོག་སྨན་དེ་རྒྱག་རྒྱུ་ཡིན། མི་མང་ཚོ་ལ་ངས་སྨན་འདིར་ཡིད་ཆེས་ཆོག་པ་ཤེས་སུ་འཇུག་ཆེད། སྨན་དེ་བརྙན་འཕྲིན་ནང་རྒྱག་དགོས་འཁེལ་སྲིད་”ཅེས་གསུངས་འདུག 

དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་བྷོ་ཤི་ཡི་ལས་བྱེད་གཙོ་བོ་ཧྥོ་ཌི་(Freddy Ford) ཡིས་མི་མང་ལ་གོ་སྟོབས་སྤེལ་བའི་ཆེད་དུ། སྲིད་འཛིན་ཟུར་པ་ཁོང་གིས་སྔོན་འགོག་སྨན་བརྙན་འཕྲིན་མདུན་དུ་བརྒྱབ་ན་འགྲིག་གི་རེད་ཅེས་གསུངས་ཡོད་ཚུལ་བརྗོད་འདུག 

གཞན་ཡང་། སྲིད་འཛིན་ཟུར་པ་ཁི་ལིན་ཊོན་གྱི་སྒེར་དྲུང་ཨན་ཇལ་(Angel Urena) གྱིས་ཨ་རིའི་གསར་ཁང་སི་ཨན་ཨན་(CNN) གྱི་དྲི་བར་ལན་འདེབས་བྱེད་སྐབས། སྲིད་འཛིན་ཟུར་པ་ཁི་ལིན་ཊོན་གྱིས་ཀྱང་སྔོན་འགོག་སྨན་དེ་མི་མང་གི་མཐོང་སར་རྒྱག་རྒྱུའི་མོས་མཐུན་གནང་ཡོད་ཚུལ་བཤད་འདུག 

བདམས་ཐོན་སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་ཟུར་པ་ཚོས་མིག་དཔེ་བཟང་པོ་ཞིག་བསྟན་པར་བསྔགས་བརྗོད་གནང་བའི་ཐོག གལ་སྲིད་སྨན་པ་ཧྥ་ཆི་ཡིས་སྨན་དེར་ཉེན་ཁ་མེད་ཅེས་བཤད་པ་ཡིན་ན། ཁོང་གིས་ཀྱང་བརྒྱབ་ནས་ཨ་རིའི་མི་མང་ཚོར་སྨན་དེ་བདེ་འཇགས་ཡིན་པ་ལ་ཤེས་སུ་འཇུག་གི་ཡིན་གསུངས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།