ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་དྷ་སར་གཟིགས་སྐོར་གནང་།
ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛེ་ཡ་(Uzra Zeya) དྷ་ས་ལར་ཕེབས་སོང་།
ཁོང་དྷ་སར་ཕེབས་སྐབས་ཀང་ར་རྫོང་གྷ་གྷལ་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་ཀྱིས་ཕེབས་བསུ་ཞུས་པ་དང་། བོད་དོན་འབྲེལ་མཐུད་པ་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་བོད་ཀྱི་འགྲེམས་སྟོན་ཁང་བཅས་སུ་གཟིགས་སྐོར་གནང་སོང་། དེ་རིང་ཉིན་རྒྱབ་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། གཞན་ཡང་གཞུང་འབྲེལ་མ་ཡིིན་པའི་ཚོགས་པ་ཁག་གི་ཚོགས་མི་ཁག་ཅིག་ལ་ལྷན་དུ་འཇལ་འཕྲད་གནང་བ་དང་། དགོང་མོ་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་རེད་འདུག
སང་ཉིན་ཚེས་༡༩ ལྕམ་ Uzra Zeya ཡིས་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་ལ་འཇལ་འཕྲད་ཞུ་རྒྱུ་དང་། དེ་ནས་བོད་ཕྲུག་ཁྱིམ་སྡེ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་རྒྱུ་རེད་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་(Joe Biden) གྱིས་ལྕམ་ Uzra Zeya སྔ་ལོའི་ཕྱི་ཟླ་༡༢ པའི་ནང་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དང་། ཁོང་གི་ངོས་ནས་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཞི་མོལ་བསྐྱར་གསོ་ཡོང་ཐབས་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སོགས་ལ་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཐེངས་འདིའི་ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཕེབས་བསུར་བཅར་མཁན་བོད་ཁྱིམ་འགན་འཛིན་ཟུར་པ་ཚུལ་ཁྲིམས་རྡོ་རྗེ་ལ་བཅར་འདྲི་བྱས་པར། ཁོང་གིས། ད་ལྟའི་ཆར་ང་ཚོ་བོད་ཀྱི་གནས་སྟངས་ནི་གཉན་འཕྲང་དང་ཛ་དྲག་གི་གནས་སུ་འགྱུར་ཡོད་པ་དང་། ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོས་ཀྱང་ལོ་མང་རིང་བོད་ཀྱི་བདེན་དོན་གྱི་ཆེད་དུ་འཐབ་རྩོད་བྱས་དང་བྱེད་མུས་ཐོག།རྒྱལ་ཁབ་གཞན་དང་གཞན་ལ་དགོས་པ་བཞིན་ང་ཚོ་ལ་ཡང་རྒྱབ་སྐྱོར་དགོས་ཀྱི་ཡོད་པའི་སྐོར་དང་། དེ་བཞིན་ཨ་རི་ནི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁར་ང་ཚོ་བོད་ཀྱི་གནད་དོན་ཐོག་ལ་རྒྱབ་སྐྱོར་མང་དག་ཅིག་གནང་ཡོད་པ་དང་། ལྷག་པར་དུ་དེ་རིང་ཨ་རིའི་གཞུང་གིས་བསྐོ་བཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འདི་གར་ས་གནས་སུ་ཕེབས་པར་དགའ་ཚོར་ཆེན་མོ་བྱུང་སོང་བས། ཨ་རི་གཞུང་དང་མི་མང་ཚང་མ་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་འཚམས་གཟིགས་ཀྱི་གལ་གནད་སྐོར་ལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས། ཨ་རིའི་སྲིད་འཛིན་བྷ་ཌན་སྲིད་འཛིན་དུ་འཁོད་པ་དང་ཨ་རིའི་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་བྱུང་བ་དེ་ནི་སྲིད་འཛིན་ཁོང་རང་གི་གཟི་བརྗིད་ཅིག་ཆགས་ཡོད་པ་དང་། ཐེངས་འདིའི་འཚམས་གཟིགས་བརྒྱུད་རྒྱུས་ལོན་ཁྲོད་ལས་ཨ་རི་གཞུང་གིས་བོད་དོན་གྱི་ཐོག་ལ་མདུན་སྐྱོད་དང་གོམ་པ་གསར་པ་སྤོ་ཐུབ་རྒྱུ་ལ་གལ་གནད་ཆེན་མོ་ཞིག་ཡིན་པའི་སྐོར་དང་། དེ་བཞིན་བྷ་ཌན་སྲིད་གཞུང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་རྒྱ་འབྲེལ་མོལ། བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་སོགས་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་འགན་ཞིག་མོ་ལ་སྤྲད་ཡོད་པས། སྔར་དང་མ་འདྲ་བ་གཞི་རྒྱ་ཆེ་བ་དང་གལ་ཆེ་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི། ༡༩༩༧ ལོར་ཨ་རིའི་སྲིད་འཛིན་བྷིལ་ཁི་ལན་ཊོན་གྱིས་སྐུ་ཞབས་(Gregory Craig) ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མར་བསྐོ་བཞག་གནང་། དེ་རྗེས་ཨ་རིའི་སྲིད་འཛིན་རིམ་པས་བོད་དོན་འབྲེལ་མཐུད་སྐུ་ཚབ་པ་ཐེངས་བདུན་བསྐོ་བཞག་གནང་ཡོད་པ་དང་། ལྕམ་ Uzra Zeya འཚམས་གཟིགས་འདི་ནི་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཞིག་ཆེད་དུ་དྷ་རམ་ས་ལར་འཚམས་གཟིགས་གནང་མཁན་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་བློ་བཟང་རྒྱ་མཚོ།