ཨ་རིའི་རླུང་འཕྲིན་ཁང་བསྐྱར་གསོ་བྱེད་དགོས་པ་ཁྲིམས་དཔོན་ཞིག་ནས་བཀའ་བཏང་ཡོད་འདུག

ཉེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་གྱི་གཞུང་གིས་འགྲོ་གྲོན་མ་དངུལ་ཉུང་དུ་གཏོང་ཆེད་ལྷན་ཁང་འགའ་ཤས་སྒོ་བརྒྱབ་ཡོད་ཅིང་། ལྷན་ཁང་དེ་དག་གི་ཁོངས་ནས་ཨ་རིའི་རླུང་འཕྲིན་དང་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གཉིས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པར་བརྟེན། ད་ཆར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་བསྐྱར་དུ་སྒོ་ཕྱེས་ནས་མུ་མཐུད་དུ་ལས་ཀ་བྱེད་འཇུག་དགོས་པའི་བཀའ་བཏང་འདུག
ཕྱི་ཚེས་༢༣ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་( federal judge)ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་བསྐྱར་དུ་སྒོ་འབྱེད་དགོས་པ་དང་། གསར་ཁང་གི་ལས་བྱེད་ཚོ་ལ་ལས་ཀ་བསྐྱར་དུ་བྱེད་འཇུག་དགོས་པའི་བཀའ་བཏང་ཡོད་ཅིང་། གསར་ཁང་སྒོ་བརྒྱབ་པ་ནི་ཨ་རིའི་ཁྲིམས་དང་རྩ་ཁྲིམས་གཉིས་ཀའི་ནང་འགལ་ཡོད་པར་བརྗོད་འདུག ཨ་རིའི་རླུང་འཕྲིན་ནང་ཁྱོན་ལས་བྱེད་༡༣༠༠ ཙམ་ཡོད་འདུག་པ་དང་། དེའི་ནང་ནས་གསར་འགོད་པ་ཁྱོན་༡༠༠༠ ཙམ་ཡོད་འདུག་པས། སྲིད་འཛིན་ཊོམ་གྱིས་གསར་ཁང་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་རྗེས་ལས་བྱེད་ཚོས་ལས་མཚམས་བཞག་ཡོད་འདུག སྲིད་འཛིན་ཊོམ་གྱིས་གསར་ཁང་དེ་སྒོ་རྒྱག་འཇུག་དགོས་དོན་ནི་གསར་ཁང་དེས་ཊོམ་ཁོང་རང་ལ་ཁ་གཏད་གཅོག་གི་ཡོད་ཚུལ་དང་། ཕྱོགས་སུ་ལྷུང་བའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་སྒོ་རྒྱག་བཅུག་ཡོད་འདུག ཨ་རིའི་རླུང་འཕྲིན་ཁང་དེ་ཐོག་མར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཇར་མན་གྱི་(Nazi)ན་ཙེའི་སྲིད་དོན་ཚོགས་པའི་དྲིལ་བསྒྲགས་འགོག་ཐབས་དང་ཁ་གཏད་གཅོག་ཆེད་དུ་བཙུགས་ཡོད་འདུག་ཅིང་། ཕྱིས་སུ་གོ་ལ་ཡོངས་ལ་ཁྱབ་པའི་གསར་ཁང་ཞིག་ལ་བསྒྱུར་ཡོད་འདུག
ཁྲིམས་དཔོན་(Royce Lamberth)རོ་སིས་ལིམ་སྦིར་ཐི་ཟེར་བ་ཁོང་གིས་ཨ་རིའི་གཞུང་གིས་ཨ་རིའི་རླུང་འཕྲིན་ཁང་སྒོ་བརྒྱབ་པ་ནི་ལས་བྱེད་ཀྱི་བདེ་སྡུག་དང་། གསར་འགོད་པའི་ལས་ཀ། གསར་ཁང་དེའི་གནས་ཚུལ་ལྟ་ཀློག་བྱེད་མཁན་གྱི་མི་མང་ཚོའི་གནད་དོན་ལ་དོ་སྣང་དང་འགན་འཁུར་གཏན་ནས་བྱས་མེད་ཅིང་། གསར་ཁང་དེ་སྒོ་བརྒྱབ་པ་ནི་རྒྱལ་སྤྱིའི་གསར་འགོད་ཀྱི་ཁྲིམས་དང་འགལ་གྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཆོག་མཆན་གནང་བའི་མ་དངུལ་གཏོང་ཕྱོགས་ཀྱི་ཁྲིམས་དང་འགལ་གྱི་ཡོད་པར་བརྗོད་འདུག ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་ཡོད་པའི་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཁུར་བ་ལས་བྱེད་(Patsy Widakuswara)་ཟེར་བ་ཁོང་གིས་ཨ་རིའི་ཁྲིམས་ཁང་གི་ཐག་གཅོད་དེ་ལ་གཞུང་གི་ངོས་ནས་བསྐྱར་ཞིབ་ཡག་པོ་ཞིག་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་དང་། ང་དང་ངའི་ལས་རོགས་ཚོའི་ངོས་ནས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞིང་། ང་ཚོས་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་གང་གནང་བ་དེ་ལས། གཞུང་གིས་ཨ་རིའི་རླུང་འཕྲིན་ཁང་སྒོ་བརྒྱབ་པ་དེ་ནི་ཁྲིམས་མཐུན་མིན་པར་བརྟེན། མཐའ་གཅིག་ཏུ་འཐབ་རྩོད་བྱེད་རྒྱུ་ཡིན་པར་བརྗོད་འདུག
དེ་བཞིན་ཊོམ་གྱིས་དུས་རྒྱུན་ནས་གསར་ཁང་ཁག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། དེའི་ནང་ནས་ཨ་རིའི་རླུང་འཕྲིན་ཁང་ལ་སྐྱོན་བརྗོད་ནན་པོ་བྱེད་ཀྱི་ཡོད་པས། དེ་ནི་ཕྱོགས་ལྷུང་ཅན་གྱི་བྱ་སྤྱོད་གཅིག་ཡིན་པར་བརྗོད་འདུག ད་དུང་འདི་ལོའི་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་འགན་འཁུར་དུས་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་པའམ། གྲོགས་མོ་(Kari Lake)་ཟེར་བ་དེ་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་དུ་བསྐོས་ཡོད་པ་དང་། ཕྱི་ལོ་༢༠༢༠ ལོར་སྲིད་འཛིན་ཊོམ་འོས་བསྡུའི་ཁྲོད་ཕམ་ཁ་འབྱུང་དུས་སྲིད་འཛིན་ཟུར་པ་ཇོ་བྷ་ཌན་གྱིས་འོས་ཤོག་རྐུན་མ་བརྒྱབ་ཡོད་ཚུལ་བརྗོད་པའི་གནས་ཚུལ་རྫུན་མ་དེ་ལ་ཁོང་མོས་རྒྱབ་སྐྱོར་བྱས་པ་དང་། དུས་རྒྱུན་ནས་ཊོམ་གྱིས་གནས་ཚུལ་རྫུན་མ་བཤད་པ་དག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་བརྗོད་འདུག
འདི་ལོའི་ཕྱི་ཟླ་༣ པའི་ནང་སྲིད་འཛིན་ཊོམ་གྱིས་ཨ་རིའི་རྒྱལ་སྤྱིའི་གསར་ཁང་(USAGM)ཁག་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ནས་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་། ཡོ་རོབ་རང་དབང་རླུང་འཕྲིན་ཁང་བཅས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་འདུག འོན་ཀྱང་། སྐབས་དེ་དུས་གསར་འགོད་པའི་སྡེ་ཁག་ཅིག་གིས་དེ་ནི་ཁྲིམས་མཐུན་མིན་པར་བརྗོད་ནས་ཞུ་གཏུག་བྱས་པའི་རྐྱེན་གྱིས། སྲིད་འཛིན་གྱི་བཀའ་རྒྱ་དེ་ཁྲིམས་ཁང་འདྲ་མིན་གྱི་ཁྲིམས་དཔོན་ཚོས་གནས་སྐབས་བཀག་འགོག་བྱས་ཡོད་པར་བརྗོད་འདུག
ཨ་རིའི་རྒྱལ་སར་ཡོད་པའི་ཁྲིམས་དཔོན་(Lamberth)ཟེར་བ་ཞིག་གིས་ཊོམ་སྲིད་གཞུང་ལ་ཨ་རིའི་རླུང་འཕྲིན་ཁང་སྒོ་རྒྱག་རྒྱུའི་དབང་ཆ་མེད་པ་དང་། རླུང་འཕྲིན་ཁང་དེ་ནི་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་བྱས་ནས་བཙུགས་པ་ཞིག་ཡིན་པར་བརྟེན། གྲོས་ཚོགས་ཀྱི་ཐག་གཅོད་དགོས་པ་ལས་སྲིད་འཛིན་ལ་སྒོ་རྒྱག་རྒྱུའི་དབང་ཆ་མེད་པར་བརྗོད་འདུག འོན་ཀྱང་། ཨ་རིའི་ཕོ་བྲང་དཀར་པོ་ནས་ད་ལྟ་དེའི་སྐོར་ལན་འདེབས་གང་ཡང་བྱས་ཡོད་མི་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།