ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་འབྱོར་འདུག

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་བར་མཇའ་འཕྲད་གནང་ནས་ཉིན་གཅིག་ཕྱིན་པའི་རྗེས། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཡོད་པའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་འབྱོར་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་ནག་གཞུང་གིས་དགག་བྱ་དང་སྡིགས་ར་སྐུལ་མིན་ལ་མ་བལྟོས་པར། ཟླ་འདིའི་ཚེས་༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་གཉིས་ཨ་རིའི་མངའ་སྡེ་ལོ་སི་ཨན་ཇི་ལེ་སིའི( Los Angeles) ཕྱི་རོལ་དུ་ཡོད་པའི་རོ་ནལ་ཊི (Ronald Reagan) སྲེིད་འཛིན་དཔེ་མཛོད་ཁང་དུ་མཇལ་འཕྲད་གནང་ནས་ཨ་རི་གཞུང་གིས་ཐེ་ཝན་ལ་གོ་མཚོན་བཙོང་ཕྱོགས་དང་། འཕྲུལ་རིག་དང་དཔལ་འབྱོར་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་འདུག ཨ་རིའི་ས་ཐོག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཞིག་དང་ཐེ་ཝན་གྱི་སྲིད་འཛིན་བར་ཐུག་འཕྲད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

སྔ་ལོ་ཕྱི་ཟླ་༨ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་གཙོས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་འཚམས་གཟིགས་ཕེབས་པའི་སྐབས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པ་ལྟར། ཐེངས་འདིའི་ཐུག་འཕྲད་བྱེད་པའི་སྐབས་སུ་ཡང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཉེ་འགྲམ་གྱི་མཚོའི་ནང་དམག་གྲུ་བཏང་ནས་དམག་སྦྱོང་བྱས་འདུག

ཟླ་འདིའི་ཚེས་༧ ཉིན་(NBC) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༦ ཉིན་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul) ཡིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་འབྱོར་ཡོད་འདུག་ལ། སྐུ་ཚབ་ཚོགས་པས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་གཅིག་དང་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་བདེ་འཇགས། ཚོང་ལས་དང་མ་རྩ་འཛུགས་ཕྱོགས་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱེད་རྒྱུ་མ་ཟད། ལྷག་པར་དུ་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ཝེ་ལན་ལེ་(William Lai) དང་མཇལ་འཕྲད་གནང་རྒྱུ་རེད་འདུག ཁོང་ནི་ཕྱི་ལོ་༢༠༢༤ ལོ་ཐེ་ཝན་གྱི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་སྐབས་སུ་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལངས་རྒྱུ་ལ་ཚོད་དཔག་བྱེད་བཞིན་ཡོད་འདུག

ཐེངས་འདིའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་(Michael McCaul) ཡིས་ཨ་རི་གཞུང་ནི་ཐེ་ཝན་གྱི་འགྲམ་དུ་བསྡད་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག་ལ། ཐེངས་འདིའི་སྐུ་ཚབ་ཚོགས་པའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།