ཨ་རིའི་སྐུ་ཚབ་འགོ་ཁྲིད་“མཐོ་ཤོས་ཤིག་”ཐའེ་ཝན་དུ་གཟིགས་སྐོར་དུ་ཕེབས་གཏན་འཁེལ་འདུག 

ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལོ་རྒྱུས་ཐོག་འབྱུང་མྱོང་མེད་པའི་ཚད་དམའ་ཤོས་སུ་ཐོན་པའི་སྐབས་འདིར། ཨ་རིའི་གཞུང་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་འཕྲོད་བསྟེན་དྲུང་ཆེ་ཨ་ལེག་སི-ཨ་ཛར་(Alex Azar)ཐའེ་ཝན་དུ་གཟིགས་སྐོར་དུ་གཏོང་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་བ་དང་། དེ་ནི་ལོ་ངོ་བཅུ་ཕྲག་མང་པོའི་ནང་ཨ་རིའི་གཞུང་འབྲེལ་སྐུ་ཚབ་འགོ་ཁྲིད་མཐོ་ཤོས་ཤིག་ཐའེ་ཝན་དུ་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་ཡོད་པའི་ཨ་རིའི་ལྟེ་གནས་ཁང་(དོན་དངོས་ཐོག་གཞུང་ཚབ་ཀྱི་ལས་དོན་གཉེར་གྱི་ཡོད།)ནས་ཀྱང་འཕྲོད་བསྟེན་དྲུང་ཆེ་ཁོང་གིས་གཞུང་འབྲེལ་སྐུ་ཚབ་ཀྱི་འགོ་ཁྲིད་དེ་ཐའེ་ཝན་དུ་གཟིགས་སྐོར་ལ་ཕེབས་རྒྱུའི་གནས་ཚུལ་དེ་དངོས་བདེན་ཡིན་སྐོར་བརྗོད་པའི་ཐོག དེ་ནི་ལོ་ངོ་དྲུག་ཅུ་ནང་ཕོ་བྲང་དཀར་པོའི་འགོ་ཁྲིད་གལ་ཆེན་ཞིག་ཐའེ་ཝན་དུ་ཕེབས་པ་ཐོག་མ་དང་པོ་དང་། “ཕྱི་ལོ་༡༩༧༩ ལོ་ནས་བཟུང་ཨ་རིའི་གཞུང་འབྲེལ་གཟིགས་སྐོར་ཆེ་མཐོ་ཤོས་དེ་ཆགས་ཡོད་”ཅེས་བཤད་འདུག 

ཨ་རིས་ཕྱི་ལོ་ ༡༩༧༩ ལོར་ཐའེ་ཝན་དང་རྒྱལ་ཁབ་ཀྱི་འབྲེལ་ཐག་བཅད་དེ་རྒྱ་ནག་དང་འབྲེལ་ལམ་བཙུགས་ན་ཡང་། ཐའེ་ཝན་ལ་གོ་མཚོན་མཁོ་སྤྲོད་ཀྱིས་རྒྱ་ནག་གི་བཙན་འཛུལ་ལས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ནང་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཚོང་ལས་དང་། བདེ་འཇགས། ནད་ཡམས་ལ་སོགས་པའི་གནད་དོན་སྣ་ཚོགས་ཀྱི་ཐོག་ནས་འགལ་ཟླ་རྒྱུན་མི་ཆད་པར་བྱུང་དང་འབྱུང་བཞིན་པའི་དུས་འདིར། སྲིད་འཛིན་ཊོམ་གྱིས་ཐའེ་ཝན་ལ་སྔར་འབྱུང་མྱོང་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་ཡོད་སྟབས། ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ཧ་ཅང་ཡག་ཏུ་འགྲོ་བཞིན་པའི་སྒང་ཡིན་འདུག 

དེ་བཞིན་ཐའེ་ཝན་ནི་ཨེ་ཤི་ཡའི་ཚད་གཞི་མཐོ་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་གྲས་སུ་གཏོགས་པའི་ཁར། རྒྱལ་ཁའི་ངང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་བཀག་འགོག་སྟངས་འཛིན་ཐུབ་བྱུང་བར་བརྟེན། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།