ཨ་རིའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་མཇལ་འཕྲད་ཐོག་མ་གནང་འདུག
ཨ་རིའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་གསར་པ་གཉིས་མཇལ་འཕྲད་ཀྱིས་གྲོས་མཐུན་ཁག་ཅིག་ལ་མཚན་རྟགས་བཀོད་ཅིང་། མཇལ་འཕྲད་དེ་ནི་ཨ་རིའི་སྲིད་འཛིན་ཊོམ་གྱི་སྲིད་དོན་ལས་ཡུན་གཉིས་པའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལས་དོན་གལ་ཆེན་ཞིག་དང་། ཊ་ཀ་ཨི་ཆི་ནི་ཉི་ཧོང་གི་བུད་མེད་སྲིད་བློན་ཐོག་མ་དེ་ཆགས་པ་ནས་བཟུང་། འཛམ་གླིང་གི་གར་སྟེགས་སུ་ཐོན་པ་ཐོག་མ་དེ་གྱུར་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་དང་ཉི་ཧོང་གི་གསར་དུ་བསྐོ་གཞག་བྱས་པའི་བུད་མེད་སྲིད་བློན་ཐོག་མ་ཏ་ཀ་ཨི་ཆི་གཉིས་བར་མཇལ་འཕྲད་གནང་། སྐབས་དེར་ཉི་ཧོང་གི་སྲིད་བློན་གསར་པས་ཉི་ཧོང་དང་ཨ་རི་གཉིས་ཀ་སྟོབས་ཤུགས་ཇེ་ཆེ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ཉི་ཧོང་དང་ཨ་རིའི་མནའ་འབྲེལ་གྱི་གསེར་གྱི་དུས་རབས་གསར་པ་ཞིག་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་བརྗོད་ནས། མཇལ་འཕྲད་དེ་ནི་ཁོང་གི་གཞུང་འཛིན་ལ་མཚོན་ན་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཏུ་ངོས་འཛིན་གནང་ཡོད་འདུག
སྲིད་འཛིན་ཊོམ་གྱིས་ཏ་ཀ་ཨི་ཆི་མཆོག་ཉི་ཧོང་གི་བུད་མེད་སྲིད་བློན་དང་པོར་གྱུར་པར་འཚམས་འདྲི་དང་། ཁོང་མོ་ཉི་ཧོང་གི་འགོ་ཁྲིད་ཆགས་པར་བསྔགས་བརྗོད་གནང་ཞིང་། ཁོས་ཉི་ཧོང་གི་སྲིད་བློན་ཟུར་པ་ཨ་བྷེ་དང་གཞན་རྣམས་ལས་ཤེས་གསལ་ལྟར་ན། ཏ་ཀ་ཨི་ཆི་མཆོག་ནི་ཉི་ཧོང་གི་སྲིད་བློན་རླབས་ཆེན་དག་གི་གྲས་ཤིག་ཏུ་འགྱུར་ངེས་རེད་ཅེས་བརྗོད་འདུག
ཉི་ཧོང་གི་སྲིད་བློན་གསར་པས་ལོ་རྗེས་མར་ཨ་རིའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༢༥༠ འཁོར་བའི་དུས་དྲན་ལ་རྟེན་འབྲེལ་ཞུ་ཆེད། ཉི་ཧོང་གིས་ཨ་རི་ལ་སེའུ་ཡི་༼Cheery Tree༽ སྡོང་པོ་༢༥༠ ཞལ་འདེབས་འབུལ་རྒྱུའི་འཆར་གཞི་ཡོད་ཅེས་དང་། ཨ་རིའི་རང་བཙན་དུས་ཆེན་གྱི་མཛད་སྒོའི་ཆེད་དུ་ཨ་ཀི་ཊ་ས་ཁུལ་ནས་ཤོག་པག་མཁོ་སྤྲོད་གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་པར། སྲིད་འཛིན་ཊོམ་གྱིས་རྒྱུན་ལྡན་ལྟར་དགའ་སྤྲོ་ཆེན་པོས། ཉི་ཧོང་ལ་རོགས་རམ་བྱེད་ཐུབ་པ་གང་ཞིག་ཡོད་ན་དེར་ཡོང་གི་ཡིན་ཞེས་དང་། ང་ཚོའི་གནའ་འབྲེལ་ནི་ཚད་མཐོ་ཤོས་སུ་གནས་ཡོད་ཅེས་བརྗོད་འདུག
ཏ་ཀ་ཨི་ཆི་ཡིས་བཀའ་མོལ་གནང་སྐབས། ཉི་ཧོང་གི་སྲིད་བློན་ཟུར་པ་ཞིང་གཤེགས་དམ་པ་ཨ་བྷེའི་སྐོར་ཡང་ཡང་གསུངས་ཡོད་པ་མ་ཟད། ཨ་བྷེ་དང་འབྲེལ་བའི་ལག་རྟགས་ཁ་ཤས་ཀྱང་ཕུལ་ཡོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས། ཉི་ཧོང་གི་སྲིད་བློན་ཟུར་པ་ཞིང་གཤེགས་དམ་པ་ཨ་བྷེ་མཆོག་དང་སྲིད་འཛིན་ཊོམ་བར་སྒེར་གྱི་འབྲེལ་བ་ཡག་པོ་ཡོད་པ་དང་། འབྲེལ་བ་དེས་ཉི་ཧོང་ལ་ཚོང་དོན་དང་རྒྱལ་སྲུང་གི་གནད་དོན་ཐོག་མཉམ་ལས་དམ་ཟབ་བྱེད་པར་ཁེ་ཕན་བྱུང་ཡོད་པ་དང་། ད་ལྟ་སྲིད་བློན་གསར་པས་ཀྱང་ཨ་བྷེ་དྲན་གསོ་ལ་བརྟེན། ཁོང་མོས་རྒྱལ་ནང་དུ་སྲིད་དོན་གྱི་གནས་བབས་སྲ་བརྟན་དུ་བཟོ་ཐབས་དང་། སྲིད་འཛིན་ཊོམ་གྱི་འགོ་ཁྲིད་ཀྱི་སྤྱོད་ལུགས་ནི་མི་སྒེར་གྱི་འབྲེལ་བར་རག་ལས་ཀྱི་ཡོད་པ་དང་། ཁོང་མོས་སྲིད་འཛིན་ཊོམ་དང་སྒེར་གྱི་འབྲེལ་བ་ཟབ་མོ་ཞིག་བསྐྲུན་ཐབས་གནང་ཡོད་ཅེས་བརྗོད་འདུག
གྲོས་མོལ་གནང་རྗེས་སྲིད་འཛིན་ཊོམ་དང་ཏ་ཀ་ཨི་ཆི་མཆོག་གཉིས་ཀྱིས་ཡིག་ཆ་གཉིས་ལ་མཚན་རྟགས་བཀོད་ཡོད་པ་དང་། ཨ་རིའི་ཕོ་བྲང་དཀར་པོས་གསེར་གྱི་དུས་རབས་ཀྱི་གྲོས་མཐུན་ཞེས་བརྗོད་པ་དང་། དེ་ནི་ཤོག་ངོས་གཅིག་ལས་ཉུང་བའི་གསལ་བཤད་མདོར་བསྡུས་ཤིག་ཡིན་ཞིང་། སྲིད་གཞུང་གཉིས་ཀས་དཔལ་འབྱོར་མཉམ་ལས་ཀྱི་གསེར་གྱི་དུས་རབས་ཀྱི་འགོ་བཙུགས་པ་ཞིག་ལ་ངོས་འཛིན་དང་། དེ་སྔ་སྲིད་འཛིན་ཊོམ་གྱིས་ཉི་ཧོང་གི་དངོས་ཟོག་ཐོག་ཁྲལ་བརྒྱ་ཆ་༢༥ འགེལ་རྒྱུའི་འཇིགས་སྐུལ་བྱས་ཀྱང་། ད་ཆ་ཉི་ཧོང་གི་དངོས་ཟོག་མང་ཆེ་བའི་ཐོག་སྒོ་ཁྲལ་བརྒྱ་ཆ་༡༥ འགེལ་རྒྱུ་བྱས།
ཉི་ཧོང་གིས་ཨ་རིའི་ནང་དུ་གྲུ་གཟེངས་བཟོ་རྒྱུ་དང་མི་བཟོས་རིག་ནུས་སོགས་ཀྱི་ཐོག་ཨ་སྒོར་ཐེར་འབུམ་༥༥༠ ཡི་མ་འཇོག་ཁས་ལེན་བྱས་ཞིང་། མ་འཇོག་གི་ནང་དུ་ཉོ་ཧོང་གིས་ཨ་རིའི་རྩ་ནས་རང་བྱུང་རླངས་རྫས་དང་ཞིང་ལས་ཐོན་རྫས། རླངས་འཁོར་དང་སྣུམ་འཁོར། དེ་བཞིན་གནམ་གྲུ་སོགས་ཉོ་རྒྱུ་ཡང་ཚུད་ཡོད་འདུག
གྲོས་མཐུན་གཉིས་པ་དེ་ནི་འཐབ་བྱུས་ཀྱི་ཐད་ནས་གལ་འགངས་ཆེ་ཞིང་། གཙོ་བོ་དམག་དོན་དང་བཟོ་སྐྲུན། ཁ་པར་དང་གློག་ཀླད། གནམ་གྲུ་བཟོ་རྒྱུ་ཚུན་ཆད་ལ་མེད་དུ་མི་རུང་བའི་གཏེར་རྫས་སོགས་ལ་དམིགས་པ་ཞིག་ཆགས་ཡོད་འདུག རྒྱ་ནག་གིས་ཧ་ཅང་དཀོན་པའི་གཏེར་རྫས་སོགས་ཕྱིར་གཏོང་བྱེད་རྒྱུར་ཚོད་འཛིན་ནན་དུ་གཏོང་བར་སེམས་འཚབ་བྱེད་པའི་སྐབས་སུ་བྱུང་ཞིང་། ཨ་རི་དང་ཉི་ཧོང་གཉིས་ཀྱིས་གཏེར་རྫས་རྣམས་འཚོལ་ཞིབ་དང་འདོན་ལེན་སོགས་ཀྱི་ཐོག་མཉམ་ལས་བྱེད་པ་བརྒྱུད། རྒྱ་ནག་གི་ཐོན་ཁུངས་ལ་བརྟེན་དགོས་པའི་གནས་སྟངས་ཇེ་ཉུང་དུ་གཏོང་རྒྱུ་ལ་དམིགས་པ་ཞིག་ཡིན་འདུག
ཐེངས་འདིའི་མཇལ་འཕྲད་སྐབས་དཔལ་འབྱོར་གྱི་གནད་དོན་ཙམ་མ་ཡིན་པར། བདེ་འཇགས་ཐད་ཕན་ཚུན་ཁས་ལེན་བྱས་པ་དེ་ཡང་བསྐྱར་བརྟན་དུ་བཏང་པ་དང་། སྲིད་འཛིན་ཊོམ་གྱིས་ཉི་ཧོང་གིས་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༢ བར་རྒྱལ་སྲུང་གི་འགྲོ་གྲོན་མང་དུ་གཏོང་རྒྱུའི་འཆར་གཞི་ལ་བསྔགས་བརྗོད་གནང་ཡོད་འདུག ཏ་ཀ་ཨི་ཆི་མཆོག་གིས་སྲིད་འཛིན་ཊོམ་གྱིས་ཀམནན་བྷོ་ཌི་ཡ་དང་ཐེ་ལན་ཌི་གཉིས་བར་དང་། དེ་བཞིན་ཨི་སི་རེལ་དང་པ་ལི་སི་ཐན་བར་དམག་འཁྲུག་མཚམས་འཇོག་ཐབས་གནང་བའི་བྱས་རྗེས་དེ་ནི་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཤིག་རེད་ཅེས་དང་། ཁོང་མོས་ཕོ་བྲང་དཀར་པོ་ལ་སྲིད་འཛིན་ཊོམ་མཆོག་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་གཞིར་འདོན་རྒྱུ་ཡིན་པའི་གནས་ཚུལ་ཕུལ་ཡོད་པ་དང་། གནས་ཚུལ་དེ་ཕོ་བྲང་དཀར་པོས་འཕྲལ་དུ་ཕྱིར་བསྒྲགས་ཀྱང་བྱས་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་ཉི་ཧོང་དུ་ཕེབས་པ་དེ་ནི། ཁོང་གི་ཉིན་ལྔའི་རིང་གི་ཨི་ཤི་ཡའི་ནང་གི་འཚམས་གཟིགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ཁོང་སྲིད་འཛིན་ཆགས་པ་ནས་བཟུང་འཚམས་གཟིགས་ཀྱི་དུས་ཡུན་རིང་ཤོས་སུ་གྱུར་ཞིང་། སྲིད་འཛིན་ཊོམ་ལྷོ་ཀོ་རི་ཡ་ལ་ཕེབས་ནས་བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱེད་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
