ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པར་ངོ་རྒོལ།

ཟླ་འདིའི་ཚེས་༢༢ ཉིན་(The Harvard Crimson) ་ཞེས་པའི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་ལ་གནས་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཧཱ་ཝར་ཊི་ཀེན་ནེ་ཊི་སློབ་གྲྭའི་ནང་གཏམ་བཤད་བྱེད་པའི་སྐབས། མི་དྲུག་གིས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༠ ་རེས་གཟའ་སྤེན་པའི་ཞོགས་པར། རྒྱ་ནག་ཆེན་པོའི་ཚོགས་པས་ཧཱ་ཝར་ཌི་ཀེ་ནེ་ཌེ་སློབ་གྲྭའི་ནང་ལོ་རེའི་སློབ་མའི་ཚོགས་འདུ་གོ་སྒྲིག་བྱས་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་ནག་གི་གཞུང་ཚབ་པ་ཞེ་ཧྥེང་(Xie Feng) ཟེེར་བས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་སྤེལ་སྐབས། མི་དྲུག་གིས་ཚོགས་ཁང་ནང་ནས་རྒྱ་ནག་གིས་བོད་དང་ཧོང་ཀོང་། ཤར་ཏུ་ཀི་སི་ཐན་དང་ཐའེ་ཝན་བཅས་ཀྱི་ཐོག་ལ་འཛིན་པའི་ལངས་ཕྱོགས་ལ་ངོ་རྒོལ་བྱས་ཡོད་འདུག
ངོ་རྒོལ་བྱེད་མཁན་དང་པོ་དེ་ནི་ལོ་ངོ་༢༥ སོན་པའི་T Wu ཟེར་བ་དེ་ཡིན་ཞིང་། ཁོང་ནི་རྒྱ་ནག་དམར་ཤོག་ཚོགས་པ་ལ་ངོ་རྒོལ་བྱེད་མཁན་གྱི་སློབ་མའི་མཐུན་ཚོགས་འཛུགས་མཁན་གྲས་ཤིག་ཡིན་པ་དང་། ཁོང་གིས་རྒྱ་ནག་གི་གཞུང་ཚབ་པའི་འདས་ཟིན་པའི་བྱ་སྤྱོད་ནི་ང་ཚོའི་རིན་ཐང་དང་ཧཱ་ཝར་སློབ་ཆེན་གྱི་རིན་ཐང་དང་ཐད་ཀར་འགལ་ཟླར་གྱུར་ཡོད་ཅེས་དང་། ཧཱ་ཝར་ནང་ལྟ་ཚུལ་དེའི་རིགས་འཛིན་མཁན་ལ་ས་ཆ་མེད་ཅེས་དང་། ང་ཚོས་མི་རིགས་རྩ་མེད་གཏོང་མཁན་ལ་རྒྱབ་སྐྱོར་བྱེད་མཁན་དང་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཚབས་ཆེན་གཏོང་མཁན་ལ་གཏམ་བཤད་བྱེད་འཇུག་རྒྱུ་མིན་ཞེས་བརྗོད་འདུག

ངོ་རྒོལ་བྱེད་མཁན་གཞན་ཞིག་ནི་ལོ་ན་༢༦ ལ་སོན་པའི་བྷོ་སི་ཊོན་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བུ་མོ་ཚེ་རིང་དབྱངས་ཅན་ཡིན་འདུག ཚེ་རིང་དབྱངས་ཅན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། རྒྱ་ནག་གི་གཞུང་ཚབ་པ་ནི་ངའི་མི་རིགས་རྩ་མེད་གཏོང་མཁན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་ཅེས་དང་། ཧཱ་ཝར་སློབ་གྲྭའི་ནང་བོད་པའི་སློབ་མ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཁྱོན་ལ་བདེན་པ་གསལ་སྟོན་བྱེད་རྒྱུ་ནི་ངའི་འགན་འཁྲི་རེད། རྒྱ་ནག་དམར་ཤོག་ཚོགས་པ་ནི་མི་རིགས་རྩ་མེད་གཏོང་མཁན་གྱི་སྲིད་གཞུང་ཞིག་ཡིན་པ་གསལ་སྟོན་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་བརྗོད་འདུག གཞན་ཡང་ལས་འགུལ་བ་སྟོབས་འབྱོར་ཚེ་རིང་གིས་བོད་ཀྱི་རྒྱལ་དར་ཕྱར་ནས། བོད་ལ་རང་དབང་དགོས། ཁྱོད་འདིར་བསླེབས་པ་ངོ་མི་ཚ་འམ། རྒྱ་གཞུང་ནི་འཛམ་གླིང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡོད་ཚད་ལ་རྒྱབ་འགལ་བྱེད་མཁན་ཞིག་རེད། ཁྱོད་ནི་བོད་དང་ཤར་ཏུ་ཀི་སི་ཐན་གྱི་མི་རིགས་རྩ་མེད་གཏོང་མཁན་གྱི་སྲིད་གཞུང་དང་ཧོང་ཀོང་དབང་བསྒྱུར་བྱེད་མཁན་བཅས་ཀྱི་སྐུ་ཚབ་རེད། ཁྱོད་ལ་འདིར་ཡོང་རྒྱུའི་ཐོབ་ཐང་ཡོད་མ་རེད། འདི་ནི་རང་དབང་ལུང་པ་རེད། ཞབས་འདྲེན་ཞེ་ཧྤེང་ཁྱོད། ཞབས་འདྲེན་རྒྱ་ནག་ཅེས་སྐད་འབོད་བྱས་ཡོད་འདུག
སྐབས་དེར་སློབ་གྲྭའི་ཕྱི་ནང་གཉིས་ལ་རྒྱ་ནག་གི་གཞུང་ཚབ་པར་ངོ་རྒོལ་བྱེད་མཁན་༣༥ ཙམ་ཡོད་འདུག་པ་དང་། ངོ་རྒོལ་བྱེད་མཁན་འགའ་ཤས་ནི་སློབ་གྲྭ་དེའི་སློབ་མ་དང་ཁ་ཤས་ནི་ས་གནས་སུ་གནས་སྡོད་བྱེད་མཁན་ཡིན་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།