ཨ་རིས་གཞུང་འབྲེལ་ཐོག་ནས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་རྒྱུར་བསམ་གཞིགས་གཏོང་སྒང་རེད་འདུག
༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་ཆེན་མོ་འཚོགས་པར་ཟླ་ཤས་ལས་མེད་པའི་སྐབས་འདིར། བྷ་ཌན་སྲིད་གཞུང་གིས་རྩེད་འགྲན་ཆེན་མོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་(boycott)བྱེད་དགོས་མིན་བསམ་གཞིགས་བྱེད་བཞིན་པའི་སྒང་ཡིན་འདུག
དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་སླེབ་ལ་ཉེ་བའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་དགོས་མིན་གྱི་བསམ་གཞིགས་བྱས་ཏེ། ད་དུང་ཡང་ཐག་མ་ཆོད་པར་ལྷག་ཡོད་འདུག
༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་ཅིང་། དེ་ནི་ ༢༠༠༨ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་རྩེད་མོའི་འགྲན་བསྡུར་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
དུས་རྒྱུན་ལྟར་ན། ཨ་རིའི་གཞུང་གིས་རྩེད་འགྲན་ཆེན་མོ་དེའི་དབུ་འབྱེད་དང་མཇུག་སྡོམ་གྱི་མཛད་སྒོར་ཕོ་བྲང་དཀར་པོའི་སྐུ་ཚབ་གཏོང་སྲོལ་ཡོད་འདུག འོན་ཀྱང་། ཝ་ཤིན་ཏྲོན་ཆ་འཕྲན་(The Washington Post)གྱིས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨ་རིའི་སྐུ་ཚབ་རྣམས་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེར་གཏོང་མི་ཉན་ཚུལ་བརྗོད་པ་དེར་སྲིད་འཛིན་བྷ་ཌན་གྱིས་མི་འགྱངས་པར་མོས་མཐུན་བྱེད་ངེས་ཚུལ་བརྗོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི-ཕེ་ལོ་སེ་(Nancy Pelosi)ཡིས་གཙོས་པའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཚོས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ལ་ངོ་རྒོལ་བྱེད་ཆེད་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་དགོས་ཚུལ་བརྗོད་ཀྱི་ཡོད་པ་མ་ཟད། སྤྱི་འཐུན་ཚོགས་པའི་འཐུས་མི་འགས་ཨ་རིའི་རྩེད་འགྲན་པ་གཅིག་ཀྱང་རྩེད་འགྲན་ཆེན་པོར་མཉམ་ཞུགས་བྱེད་དུ་འཇུག་མི་ཉན་པའི་སྐོར་ཡང་བཤད་ཀྱི་ཡོད་འདུག
བདུན་ཕྲག་གོང་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁིན་(Antony Blinken)ལ་ཨ་རིའི་གཞུང་ནས་རྒྱ་ནག་གིས་ཤིང་ཅང་དུ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་ངོས་འཛིན་བྱས་ཟིན་སྟབས། ཨ་རིའི་རྩེད་འགྲན་པ་རྣམས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་མཉམ་ཞུགས་བྱས་ན་འགྲིག་མིན་སྐད་ཆ་དྲིས་པར། ཁོང་གིས་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཚོས་དེ་ལ་ཅི་ཞིག་བྱེད་དགོས་མིན་གྱི་གྲོས་མོལ་ཞིབ་མོ་བྱེད་བཞིན་པའི་སྒང་ཡིན་པའི་འགྲེལ་བཤད་གནང་ཡོད་འདུག
ཁོང་གིས་“ང་ཚོས་མཐུན་གྲོགས་ཚོ་དང་། འཛམ་གླིང་གི་རྒྱལ་ཁབ་ཚོར་ཁོ་ཚོས་རྩེད་འགྲན་ཆེན་མོ་དེར་ལྟ་སྟངས་ཅི་འདྲ་ཞིག་ཡོད་མེད་དང་། མཉམ་ཞུགས་བྱེད་དགོས་མིན་གྱི་སྐད་ཆ་ཤོད་བཞིན་ཡོད་”ཅེས་བརྗོད་ཡོད་འདུག
ཕྱི་སྲིད་དྲུང་ཆེ་ཁོང་ལ་ཨ་རི་དང་རྒྱལ་ཁབ་གཞན་རྣམས་ཀྱིས་ག་དུས་རྩེད་འགྲན་དེར་མཉམ་ཞུགས་བྱེད་དགོས་མིན་གྱི་ཐག་ཆོད་ཀྱི་རེད་དམ་ཞེས་དྲིས་པར། ཁོང་གིས་“ང་ཚོས་ཤེས་ཀྱི་རེད། རྩེད་འགྲན་དེ་ལོ་རྗེས་མའི་ཕྱི་ཟླ་ ༢ པའི་ནང་འཚོགས་རྒྱུ་རེད། དེའི་སྔོན་ལ་ཤེས་ངེས་རེད་”ཅེས་བཤད་དེ་དངོས་སུ་ལན་སྐྱོན་ཡོད་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།