ཨ་རིས་ཝེ་ནེ་ཛུ་ལའི་སྲིད་འཛིན་བཙན་ཁྲིད་བྱས།
ཕྱི་ལོ་༢༠༢༦ ཟླ་༡ ཚེས་༣ ཉིན་སྔ་དྲོ། ཨ་རིའི་དམིགས་བསལ་དམག་དཔུང་༼Special Forces༽ ཝེ་ནེ་ཛུ་ལའི་རྒྱལ་ས་༼Caracas༽ ནང་དུ་འཛུལ་ཏེ། དུས་ཡུན་སྐར་མ་༣༠ ཙམ་གྱི་རྗེས། ཡུལ་དེའི་སྲིད་འཛིན་མ་དྷུ་རོ་དང་ཁོང་གི་བཟའ་ཟླ་གཉིས་འཛིན་བཟུང་གིས་ཨ་རི་ལ་བཙན་ཁྲིད་བྱས་ཡོད་འདུག

བྱ་འགུལ་འདིའི་ནང་ཨ་རིས་ཐད་འཕུར་གནམ་གྲུ་དང་འཐབ་འཛིང་གནམ་གྲུ། དམག་གི་གོ་མཚོན་སྐྱེལ་འདྲེན་གནམ་གྲུ་དང་ལྟ་ཞིབ་ཀྱི་ཆེད་དུ་མི་མེད་གནམ་གྲུ་བཅས་ཁྱོན་༥༠ ཙམ་བེད་སྤྱོད་བཏང་ཞིང་། བྱ་འགུལ་དེའི་ཁྲོད་ཝེ་ནེ་ཛུ་ལའི་སྲིད་འཛིན་གྱི་སྐུ་སྲུང་མི་སྣ་སོགས་ཁྱོན་༤༠ ཙམ་བསད་ཡོད་འདུག
ཨ་རིའི་གཞུང་གིས་མ་དྷུ་རོ་དང་ཁོང་གི་དཔོན་རིགས་ཚོས་ལོ་མང་རིང་ཨ་རིའི་ནང་དུག་རྫས་བརྒྱུད་འདྲེན་བྱེད་མཁན་གྱི་ཚོགས་པ་ཁག་ལ་གསང་བའི་རྒྱབ་སྐྱོར་བྱས་ཏེ། ཨ་རིའི་ནང་ཁུལ་གྱི་བདེ་འཇགས་ལ་གནོད་པ་བཟོས་པའི་ཉེས་འཛུགས་བྱས་ཡོད་པ་མ་ཟད། ཨ་རིས་མ་དྷུ་རོ་ནི་སྒེར་གཅོད་པ་ཞིག་ཡིན་པ་དང་། ཁོང་གིས་འོས་བསྡུའི་ནང་མགོ་སྐོར་བཏང་སྟེ་མི་དམངས་ལ་མནར་གཅོད་གཏོང་གི་ཡོད་པས་མང་གཙོ་སླར་གསོ་བྱེད་དགོས་ཟེར་ནས་གཏོར་རྒོལ་བྱས་ཡོད་པ་དང་། ལྷག་པར་དུ་མ་དྷུ་རོའི་གཞུང་གིས་རྒྱ་ནག་དང་ཨུ་རུ་སུ་ལ་རྡོ་སྣུམ་བཙོང་ནས་དཔལ་འབྱོར་གྱི་མཐུན་ལམ་ཟབ་མོ་བཟོས་ཡོད་པར་བརྟེན། ཨ་རིས་རང་གི་ཁྱིམ་མཚེས་ལྷོ་ཨ་མེ་རི་ཀའི་ནང་ཕྱི་རྒྱལ་གྱི་སྟོབས་ཤུགས་སླེབས་པ་དེ་འགོག་ཐབས་ཆེད་ཝེ་ནེ་ཛུ་ལ་ལ་གཏོར་རྒོལ་བྱས་ཡོད་པ་བརྗོད་འདུག
བྱ་འགུལ་དེའི་ཐོག་ཨ་རི་ལ་རྒྱབ་སྐྱོར་བྱེད་མཁན་ནམ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་མ་དྷུ་རོ་ནི་ཁྲིམས་མཐུན་གྱི་སྲིད་འཛིན་ཞིག་མིན་པ་དང་། ཝེ་ནེ་ཛུ་ལར་མང་གཙོ་སླར་གསོ་བྱེད་པར་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག ཨ་རི་ལ་ངོ་རྒོལ་བྱེད་མཁན་རྒྱ་ནག་དང་ཨུ་རུ་སུ། ཨི་རན་སོགས་ཀྱིས་བྱ་འགུལ་དེ་ནི་རྒྱལ་ཁབ་གཞན་གྱི་བདག་དབང་ལ་རྡོག་རོལ་བཏང་བ་དང་། བྱེད་སྟངས་དེ་ནི་ཇག་པའི་བྱེད་སྟངས་རེད་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག གཞན་ཡང་། བྷར་ཛིལ་དང་ཀོ་ལོམ་བྷི་ཡ་སོགས་བར་གནས་སུ་སྡོད་མཁན་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་གིས་མ་དྷུ་རོ་ལ་དགའ་པོ་མེད་ཀྱང་། ཨ་རིས་དམག་དཔུང་བཏང་ནས་ཐེ་ཇུས་བྱས་པ་དེས་ལུང་པ་དེའི་ནང་དམག་འཁྲུག་གི་ཉེན་ཁ་བཟོ་བར་དོགས་ཟོན་བྱེད་ཀྱི་ཡོད་འདུག
རྒྱ་ནག་ནི་ཝེ་ནེ་ཛུ་ལའི་རྡོ་སྣུམ་མང་ཤོས་ཉོ་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་མང་པོ་གཡར་ནས་དེའི་ཚབ་ཏུ་རྡོ་སྣུམ་ལེན་གྱི་ཡོད་འདུག ད་ལྟའི་ཆར་ཨ་རིས་ཡུལ་དེའི་སྲིད་དབང་བཟུང་བར་བརྟེན་ནས། རྒྱ་ནག་གིས་རང་གི་མ་རྩ་དང་རྡོ་སྣུམ་གྱི་མཁོ་འདོན་ཆད་པར་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་འདུག
རྒྱ་ནག་གིས་ཨ་རིས་འཛིན་བཟུང་བྱས་པའི་ཝེ་ནེ་ཛུ་ལའི་སྲིད་འཛིན་དང་ཁོང་གི་བཟའ་ཟླ་གཉིས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། ཨ་རིའི་བྱེད་སྟངས་འདི་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་ཁབ་གཞན་གྱི་རང་བཙན་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་ཅིག་རེད་ཅེས་དང་། ཨ་རིས་འཛམ་གླིང་གི་དམག་མི་བྱེད་པའི་དུས་རབས་དེ་ཡོལ་ཟིན་པ་རེད་ཅེས་བརྗོད་འདུག
ད་ལྟའི་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས། ཉེན་ཁ་མེད་པའི་ཐོག འོས་འཚམ་དང་ཁྲིམས་མཐུན་གྱི་སྲིད་དབང་རྩིས་སྤྲོད་རྩིས་ལེན་མ་བྱུང་བར། ཨ་རིས་ཝེ་ནེ་ཛུ་ལ་འཛིན་སྐྱོང་བྱེད་རྒྱུ་ཡིན་ཞེས་དང་། ཝེ་ནེ་ཛུ་ལ་འཛམ་གླིང་གི་རྡོ་སྣུམ་གསོག་འཇོག་ཆེ་ཤོས་ཡོད་པ་དང་། ཨ་རིའི་རྡོ་སྣུམ་བཟོ་ཚོང་ཁང་ཁག་གི་ཝེ་ནེ་ཛུ་ལའི་ཆག་གྲུམ་ཤོར་བའི་འཛུགས་སྐྲུན་དག་ལེགས་བཅོས་བྱས་ནས་རྒྱལ་ཁབ་དེའི་ཆེད་དུ་དངུལ་བཟོ་རྒྱུ་ཡིན་ཞེས་བརྗོད་འདུག
ཨ་རིས་བྱ་འགུལ་དེ་སྤེལ་རྗེས། ཝེ་ནེ་ཛུ་ལའི་མི་དམངས་སྟོང་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ཞིང་། ཨ་རིའི་རྒྱལ་དར་འཕྱར་ནས་དགའ་བསུ་བྱས་ཡོད་པ་དང་། ཁོང་ཚོས་ལོ་ངོ་བཅུ་ཕྲག་ལྷག་རིང་། དངུལ་གྱི་རིན་ཐང་ཤོར་བའི་དཀའ་ངལ་དེ་ཨ་རི་སླེབས་པ་དང་མཉམ་དུ་མཇུག་བསྡུ་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག ཡིན་ན་ཡང་། ད་ལྟའི་ཆར་རྡོ་སྣུམ་གྱི་བདག་དབང་ཨ་རི་ལ་ཤོར་ཡོད་པ་མ་ཟད། མ་དྷུ་རོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། ཨ་རིས་བཙན་འཛུལ་བྱས་པར་ངོས་འཛིན་གྱིས་ཨ་རིའི་དམག་མི་ཕྱིར་ཐོན་དགོས་ཞེས་ངོ་རྒོལ་བྱེད་བཞིན་པ་སོགས། རྒྱལ་ཁབ་དེའི་གནས་སྟངས་ནི་ཛ་དྲག་གི་གནས་སུ་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
