ཨ་རིས་ཝེ་ནེ་ཛུ་ལར་རྒོལ་རྡུང་བཏང་བས་བོད་དང་ཐའེ་ཝན་གྱི་གནད་དོན་ལ་ཤུགས་རྐྱེན་ཐེབས་སྲིད།

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་བདེ་འཇགས་ལྷན་ཚོས་ནང་ལངས་ཕྱོགས་མི་མཐུན་པ་གཉིས་སུ་གྱེས་ཡོད་པ་དང་། ཨ་རིས་རང་ཉིད་ཀྱི་དབང་ཚད་བེད་སྤྱོད་བཏང་ནས་རང་ཉིད་ལ་ཉེས་པ་ཕོག་པའི་གྲོས་ཆོད་གང་འདྲ་ཞིག་ཡིན་ཀྱང་འགོག་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

པར། ALJAZEERA

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༣ ཉིན། ཨ་རིས་ཝེ་ནེ་ཛུ་ལར་གཏོར་རྒོལ་བྱས་ནས་སྲིད་འཛིན་མ་དྷུ་རོ་དང་ཁོང་གི་བཟའ་ཟླ་བཙན་ཁྲིད་བྱས་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཀོ་ལོམ་བྷི་ཡས་བདེ་འཇགས་ལྷན་ཚོགས་ཀྱི་ཛ་དྲག་ཚོགས་འདུ་ཞིག་སྐོང་བའི་རེ་སྐུལ་ཞུས་པར། རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱིས་རྒྱབ་སྐྱོར་གནང་བ་དང་། ཝེ་ནེ་ཛུ་ལས་ཀྱང་ཛ་དྲག་ཚོགས་འདུ་ཚོགས་པའི་ཡི་གེ་བཏང་བ་ལྟར། བདུན་འདིའི་རེས་གཟའ་ཟླ་བའི་ཉིན། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཛ་དྲག་ཚོགས་འདུ་ཞིག་ཚོགས་ཡོད་འདུག
ཚོགས་ཐོག་ཏུ་ཨ་རིིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་མེག་ ཝལ་ཟི་(Mike Waltz) ཡིས་གཏོར་རྒོལ་གྱི་བྱ་འགུལ་དེ་ནི་དམག་འཁྲུག་མ་ཡིན་པ་དང་། ཁྲིམས་འགལ་བྱེད་མཁན་འཛིན་བཟུང་བྱེད་པའི་ཁྲིམས་ལག་བསྟར་གྱི་བྱ་འགུལ་ཞིག་ལས་རྒྱལ་ཁབ་ལ་བདག་བཟུང་ངམ་བཙན་འཛུལ་བྱས་པ་ཞིག་མིན་ཞེས་དང་། མ་དྷུ་རོ་ནི་ལུགས་མཐུན་མ་ཡིན་པའི་སྲིད་འཛིན་ཞིག་ཡིན་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དོན་ཚན་༥༡ པ་སྟེ། རང་སྲུང་གི་ཐོབ་ཐང་ལ་བརྟེན་ནས་བྱས་པ་ཡིན་ཞེས་བརྗོད།
ཡིན་ཡང་། བྷར་སིལ་དང་། ཀོ་ལོམ་བྷི་ཡ་བཅས་ཀྱིས་བྱ་འགུལ་དེ་ནི་ཝེ་ནེ་ཛུ་ལའི་བདག་དབང་ལ་རྩིས་མེད་བཏང་བ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཉེན་ཁ་བཟོས་པར་བཤད། དེ་བཞིན་རྒྱ་ནག་དང་ར་ཤི་ཡ། ཨི་རན་བཅས་ཀྱི་ཨ་རིས་འཛམ་གླིང་གི་ཉེན་རྟོག་པའི་བཟོ་ལྟ་བུ་བྱས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་པ་དེ་མཚམས་འཇོག་དགོས་པ་དང་། ཨ་རིའི་བྱ་སྤྱོད་དེས་ཁྲིམས་མེད་ལུགས་ཀྱི་དུས་རབས་ལ་ཕྱིར་ལོག་བྱས་པ་ཞིག་རེད་ཅེས་དང་། མ་དྷུ་རོ་འཕྲལ་དུ་གློད་དགོས་པའི་རེ་བ་བཏོན་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་རྒྱལ་ཁབ་ལྔ་སྟེ། ཨ་རི་དང་། ར་ཤི་ཡ། རྒྱ་ནག དབྱིན་ཇི། ཧྥ་རན་སི་བཅས་ལ་དགག་བྱའི་དབང་ཚད་(Veto Power) ཡོད་པར་བརྟེན། ད་ལན་གྱི་གནད་དོན་ཐོག་རྒྱལ་ཁབ་མང་པོས་ཨ་རིར་ཉེས་ཆད་གཅོད་འདོད་ཡོད་ཀྱང་། ཨ་རི་ལ་དབང་ཚད་དེ་ཡོད་པས་རང་ཉིད་ལ་གནོད་པའི་གྲོས་ཆོད་གང་ཡང་བཞག་མི་ཐུབ་པར་གྱུར་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་(Antonio Guterres) ཡིས་བྱ་སྤྱོད་དེས་ཝེ་ནེ་ཛུ་ལ་ཙམ་མ་ཟད། ལྷོ་ཨ་མེ་རི་ཁའི་ས་ཁུལ་ཡོངས་ཀྱི་བརྟན་ལྷིང་ལ་གནོད་སྲིད་པའི་སེམས་འཚབ་གནང་ཡོད་པ་དང་། བྱ་འགུལ་དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་མིན་ལ་དོགས་པ་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་འགས་ཨ་རིའི་བྱ་འགུལ་དེར་བདེ་འཇགས་ལྷན་ཚོས་ཀྱི་ཆོག་མཆན་མེད་པ་དང་། ཝེ་ནེ་ཛུ་ལའི་གཞུང་གི་མོས་མཐུན་ཡང་མེད་པ་མ་ཟད། རང་སྲུང་ཡིན་པའི་དཔང་རྟགས་གསལ་པོ་མེད་པར་བརྟེན། ཨ་རིའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་པར་ཐེ་ཚོམ་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༤ ཉིན་གནས་ཚུལ་དབྱེ་ཞིབ་པ་འགས་རོའུ་ཊར་གསར་ཁང་གི་ཐོག་ཏུ། སྲིད་འཛིན་ཊོམ་གྱི་དྲག་པོའི་བྱ་འགུལ་དེས་རྒྱ་ནག་ལ་གོ་སྐབས་ཤིག་སྤྲད་ཡོད་པ་དང་། རྒྱ་ནག་གིས་གོ་སྐབས་དེ་བརྒྱུད་ནས་ཨ་རི་ལ་སྐྱོན་བརྗོད་དང་། རྒྱལ་སྤྱིིའི་ཐོག་རང་ཉིད་ཀྱི་གནས་བབས་མཐོ་རུ་གཏོང་སྲིད་པ། ལྷག་པར་དུ་མ་འོངས་པར་རྒྱ་ནག་གིས་སྲིད་འཛིན་ཊོམ་གྱི་བྱ་སྤྱོད་དེ་ལུང་འདྲེན་བྱས་ནས། གནས་ཚུལ་དེ་ཐའེ་ཝན་དང་བོད། ཤར་རྒྱ་ནག་དང་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁག་གི་ས་ཆའི་རྩོད་རྙོག་ཐོག་ཨ་རིར་ཁ་གཏད་གཅོག་པའི་སྒྲུབ་བྱེད་དུ་བཀོལ་སྲིད་ཅེས་བརྗོད་འདུག ཡང་འགའ་རེས་རྒྱ་ནག་ནི་ཨ་རི་མ་རེད། ཐའེ་ཝན་ནི་ཝེ་ནེ་ཛུ་ལ་མ་རེད། གལ་ཏེ་རྒྱ་ནག་ལ་དེ་རིང་ཊོམ་གྱི་བྱ་འགུལ་སྤེལ་བ་བཞིན་ནུས་པ་ཡོད་ན་སྔ་མོ་ནས་སྤེལ་ཚར་ཡོད་རེད་ཅེས་དང་། རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོས་དཔུང་འཇུག་བྱས་མིན་དེ་གཙོ་བོ་རྒྱ་ནག་རང་གི་ནང་སྲིད་གནས་བབས་ལ་རག་ལས་ཨ་རིའི་བྱ་འགུལ་ལ་རག་ལས་མེད་ཅེས་བརྗོད་འདུག ཡིན་ཡང་། ད་ཐེངས་ཀྱི་དོན་རྐྱེན་དེས་ཐའེ་ཝན་ལ་ཉེན་ཁ་ཆེ་རུ་བཏང་ཡོད་པ་དང་། མ་འོངས་པར་ཞི་ཅིན་ཕིང་གིས་ཐའེ་ཝན་ལ་བྱ་འགུལ་སྤེལ་བར་རྒྱུ་མཚན་འདྲེན་ས་ཞིག་བཟོ་བར་རོགས་འདེགས་བྱེད་སྲིད་པ་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།