ཨ་རིས་རྒྱ་ནག་ལ་ཕྱིར་འདྲེན་བྱེད་པའི་དངོས་རྫས་ཐོག་བཀག་རྒྱ་གསར་པ་བཞག་འདུག
ཨ་རིས་རྒྱ་ནག་ལ་ཕྱིར་འདྲེན་བྱེད་པའི་འཕྲུལ་ཆས་དང་ཅ་དངོས་ཐོག་བཀག་རྒྱ་གསར་པ་འཇོག་རྒྱུ་ཡིན་ཚུལ་བཤད་ཡོད་འདུག
(ཨ་རི།) ཟླ་འདིའི་ཚེས་༢༧རེས་གཟའ་ཟླ་བའི་ཉིན་ཨ་རིའི་གཞུང་ནས་རྒྱ་ནག་ལ་ཕྱིར་འདྲེན་བྱེད་པའི་འཕྲུལ་ཆས་དང་ཅ་དངོས་མང་པོ་ཞིག་ལ་བཀག་རྒྱ་གསར་པ་ཞིག་བཞག་སྟེ་དེ་དག་རྒྱ་ནག་གི་དམག་མིའི་ལག་ཏུ་མི་སླེབ་པ་བཟོ་རྒྱུ་ཡིན་ཚུལ་བརྗོད་འདུག
དེ་ཡང་སྒྲིག་གཞི་གསར་པ་དེའི་འོགཨ་རིའི་བཟོ་ཚོང་ཁང་རྣམས་ཀྱིས་རྒྱ་ནག་གི་དམག་དང་འབྲེལ་བ་ཡོད་པའི་བཟོ་ཚོང་ཁང་དག་ལ་དངོས་རྫས་ངེས་ཅན་འགའ་འཚོང་བར་ངེས་པར་དུ་སྲིད་གཞུང་ནས་ཆོག་མཆན་ཞུ་དགོས་པ་དང་།ཅ་དངོས་དེ་དག་མི་སེར་དཀྱུས་མ་ཚོའི་བཀོལ་སྤྱོད་ཆེད་དུ་ཡིན་ཡང་དེ་ལྟར་བྱེད་དགོས་ཀྱི་ཡོད་འདུག་པ་མ་ཟད།སྔོན་ཆད་དམག་གི་ཆེད་དུ་མ་ཡིན་པར་མི་སེར་ཚོའི་བཀོལ་སྤྱོད་ཆེད་དུ་ཡིན་ན་ཆོག་མཆན་ཞུ་མི་དགོས་པར་དམིགས་བསལ་ཡོད་པ་དེའང་མེད་པ་བཟོས་ཡོད་འདུག
སྒྲིག་གཞི་གསར་པ་གསར་པ་དེ་རེས་གཟའ་ཟླ་བའི་ཉིན་མི་མང་ཚོའི་རྟོག་ཞིབ་ཆེད་དུ་ཕྱིར་བསྒྲགས་བྱས་པ་དང་།རེས་གཟའ་མིག་དམར་ཉིན་དངོས་སུ་སྲིད་གཞུང་གི་ཐོ་གཞུང་ནང་འགོད་གཏན་ཁེལ་ཡོད་འདུག
སྒྲིག་གཞི་གསར་པ་དེའི་འོག་དོན་ཚན་གཙོ་བོ་གསུམ་ཡོད་པ་ལས།དང་པོས་མི་དམངས་བཅིངས་གྲོལ་དམག་ལྟ་བུའི་དམག་དང་མི་སེར་གཉིས་ཀར་འབྲེལ་བ་ཡོད་པའི་ཚོགས་པ་དང་བཟོ་ཚོང་ཁང་རྣམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག་པ་དང་།གཉིས་པས་རྒྱ་ནག་གི་བཟོ་གྲྭ་དང་མི་མང་གིས་མི་སེར་དཀྱུས་མ་ཚོའི་ཆེད་དུ་འཕྲལ་ཆས་དང་དངོས་རྫས་ཉོ་ཆོག་པའི་ལམ་ལུགས་དེ་མེད་པ་བཟོས་ཡོད་འདུགདེ་བཞིན་དོན་ཚན་གསུམ་པའི་ནང་།ཕྱིའི་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་རྣམས་ཀྱིས་ཨ་རིའི་ཐོན་རྫས་རྣམས་རྒྱ་ནག་ལ་འཚོང་སྐབས།སོ་སོའི་སྲིད་གཞུང་ལག་ནས་ཆོག་མཆན་ཞུ་དགོས་པའི་ཐོགཨ་རིའི་གཞུང་ནས་ཆོག་མཆན་ཞུ་དགོས་པ་བཟོ་ཡོད་འདུག
ཐག་གཅོད་འདི་ནི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཁྲོད་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་ཉིན་རེ་བཞིན་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཡིན་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།
