ཨ་རིས་རྡུལ་ཕྲན་མཚོན་ཆ་འཁུར་ཐུབ་པའི་མཚོ་འོག་གི་གྲུ་གཟིངས་གཉིས་ཨུ་རུ་སུའི་ཕྱོགས་ཀྱི་ས་ཁུལ་ཞིག་ཏུ་སྒྲིག་འཇོག་བྱས་ཟིན་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་དམག་འཁྲུག་དེ། འབྱུང་འགྱུར་ཉིན་གྲངས་༡༠ ནས་༡༢ བར་མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་ཟིན་པ་དང། དེ་ལྟར་མ་བྱུང་ཚེ་ཨུ་རུ་སུ་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པ་བརྗོད་ཡོད་པར་བརྟེན། ཨུ་རུ་སུའི་སྲིད་འཛིན་ཟུར་པ་དང་ད་ལྟ་ཨུ་རུ་སུའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན་པ་(Dmitry Medvedev)ཡིས་སྲིད་འཛིན་ཊོམ་ལ་ཉེན་བརྡ་བཏང་འདུག་པས། ཊོམ་གྱི་བཀའ་ལྟར་ཨ་རིས་རྡུལ་ཕྲན་མཚོན་ཆ་འཁུར་ཐུབ་པའི་མཚོ་འོག་གི་གྲུ་གཟིངས་གཉིས་ཨུ་རུ་སུའི་ཕྱོགས་ཀྱི་ས་ཁུལ་ཞིག་ཏུ་བཏང་ཟིན་པར་བརྗོད་འདུག
ཕྱི་ཚེས་༢ ཉིན་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་གསར་ཁང་བྷི་བྷི་སི་གཙོས་པའི་གསར་ཁང་གཞན་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་སྒེར་གྱི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ། ཨུ་རུ་སུའི་སྲིད་འཛིན་ཟུར་པ་དང་། ད་ལྟ་ཨུ་རུ་སུའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་(Dmitry Medvedev)ཡིས་ཨ་རི་ལ་ཉེན་བརྡ་བཏང་ཡོད་པར་བརྟེན། ངས་ཉེན་བརྡ་དེ་དོན་དངོས་སུ་ཉེན་བརྡ་གཏོང་གི་ཡོད་པ་ཞིག་ལས་དོན་མེད་བཤད་པ་ཞིག་མིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལས་རང་གི་སྲུང་སྐྱོབ་ཆེད་དུ་(nuclear submarines)རྡུལ་ཕྲན་མཚོན་ཆ་འཁུར་ཐུབ་པའི་མཚོ་འོག་གི་གྲུ་གཟིངས་གཉིས་གལ་ཆེ་བའི་ས་ཁུལ་གཉིས་ལ་བཏང་ཟིན་ཡོད་ཅེས་བརྗོད་པ་ལས་ས་ཁུལ་གང་དུ་བཏང་ཡོད་མེད་བརྗོད་མི་འདུག དེ་བཞིན་ཁ་སང་གསར་འགོད་པ་ལ་ཡང་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་ཡིས་ཉེན་བརྡ་བཏང་ཡོད་པ་ནི་དངོས་ཡོད་རེད། ང་ཚོ་རང་གི་བདེ་འཇགས་ཆེད་དུ་གྲ་སྒྲིག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་འདུག
ཨ་རི་དང་ཨུ་རུ་སུ་གཉིས་ནི་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཆགས་ཀྱི་ཡོད་པ་དང་། གལ་སྲིད་རྒྱལ་ཁབ་དེ་གཉིས་བར་གདོང་ཐུག་ཤོར་ཚེ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་འདུག སྲིད་འཛིན་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་ཟུར་པ་(Dmitry Medvedev)་གཉིས་བར་དྲྭ་ཐོག་ནས་ཐེངས་མང་པོར་ཁ་རྩོད་བྱུང་ཡོད་འདུག་ལ། བདུན་ཕྲག་འདིའི་ནང་ཁ་རྩོད་ཐེངས་གཉིས་བྱུང་འདུག
ཕྱི་ཟླ་༨ པའི་ཚེས་༨ ཉིན་ནི་སྲིད་འཛིན་ཊོམ་གྱིས་བཟོས་པའི་དུས་ཚོད་ཚད་བཀག་རྫོགས་ཀྱི་ཡོད་པར་བརྟེན། ད་ལྟའི་གནས་དོན་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག ཨུ་རུ་སུའི་སྲིད་འཛིན་ཟུར་པ་དང་ད་ལྟའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་གཞོན་(Dmitry Medvedev)དེ་ཕྱི་ལོ་༢༠༠༨ ནས་༢༠༡༢ བར་ཨུ་རུ་སུའི་སྲིད་འཛིན་བྱེད་མྱོང་ཡོད་འདུག་ཅིང་། སྲིད་འཛིན་ཟུར་པ་དེས་རྒྱལ་ཁབ་གཅིག་གིས་གཅིག་ལ་བཀའ་བཏང་པའམ་ཉེན་བརྡ་གཏོང་པ་ནི་རྒྱལ་ཁབ་དེ་ལ་འཇིགས་སྐུལ་དང་ཕྱོགས་གཉིས་ཀ་དམག་འཁྲུག་གི་ཕྱོགས་སུ་འཁྲིད་ཀྱི་ཡོད་པར་བརྗོད་འདུག དེ་བཞིན་མི་དེས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པ་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།