ཨ་རྒྱ་གཉིས་བར་ཚོང་དམག་རྒྱག་འགོ་བཙུགས་འདུག

ཨ་རིིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་མང་པོ་ཞིག་ལ་ཁྲལ་ཕོན་ཆེན་རྒྱག་རྒྱུའི་གསལ་བསྒྲགས་བྱས་རྐྱེན། རྒྱ་ནག་གིས་ཀྱང་ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་མང་པོ་ཞིག་ལ་ཁྲལ་རྒྱག་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་ནས། ད་ལྟའི་ཆར་རྒྱལ་སྤྱིའི་མ་རྐང་ཁྲོམ་རར་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག

ཟླ་༣ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཟླ་༣ པའི་ཚེས་༢༢ ཉིན་ཨ་རིའི་ཚོང་འབྲེལ་ལྷན་ཚོགས་ལ། རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་འབོར་ཨ་སྒོར་ཐེར་འབུམ་༥༠ ལྷག་ལ་ཁྲལ་རྒྱག་དགོས་པ་དང་། ཨ་རིའི་ནང་རྒྱ་རིགས་ཀྱི་མ་རྩ་འཛུགས་པར་ཚད་བཀག་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག དེ་ཡང་ཟླ་བ་༧ ལྷག་རིང་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་གྱི་རིན་གོང་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས་བཀའ་ཁྱབ་དེ་བཏང་བ་ཡིན་འདུག སྲིད་འཛིན་ཊོམ་གྱིས་བཀའ་ཁྱབ་དེར་མིང་རྟགས་བཀོད་སྐབས། ཨ་རྒྱ་གཉིས་ད་ལྟ་ཡང་གྲོགས་པོ་ཡིན་པ་དང་། སྲིད་འཛིན་ཞི་ཅིན་ཕིང་ལ་གུས་བརྩི་ཆེན་པོ་ཡོད་པ། རྒྱ་ནག་ལ་གྲོགས་པོའི་འདུ་ཤེས་ཡོད་སྐོར་བརྗོད་འདུག

ཨ་རྒྱ་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་ཁྲོད། ཨ་རིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གི་ཅ་དངོས་ཕྱི་འདྲེན་ཉུང་བ་བྱེད་ཀྱི་ཡོད་འདུག་པས། ཐེངས་འདིར་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་ཁག་ལ་ཁྲལ་བརྒྱབ་ནས། རྒྱ་ནག་གི་ཅ་དངོས་གོང་འཕར་རྒྱུ་ཡིན་འདུག་པ་དང་། ཨ་རིའི་མི་སེར་ཅ་དངོས་དེ་དག་ཉོ་མཁན་ཉུང་དུ་ཕྱིན་ནས་རྒྱལ་ནང་ནས་བཟོ་སྐྲུན་བྱས་པའི་ཅ་དངོས་ཉོ་མཁན་མང་དུ་འགྲོ་ཆེད། ཨ་རིའི་གཞུང་ལ་ཡང་ཡོང་འབབ་མང་དུ་གཏོང་འཆར་ཡིན་འདུག སྲིད་འཛིན་ཊོམ་གྱིས་ཐག་གཅོད་དེ་རིགས་མང་པོ་ཡོང་རྒྱུ་ཡིན་པ་དང་། བཀའ་ཁྱབ་དེ་ནི་རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་མང་པོའི་རིག་རྩལ་བདག་དབང་རྐུ་འཕྲོག་བྱས་པའི་ཉེས་ཆད་ཀྱང་ཡིན་སྐོར་བརྗོད་འདུག

རྒྱ་ནག་གི་ཚོང་འབྲེལ་ལྷན་ཁང་ནས་ཨ་རིའི་བྱ་སྤྱོད་དེར་རྒོལ་ལན་སློག་ཆེད་དུ། ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཅ་དངོས་འབོར་ཨ་སྒོར་ཐེར་འབུམ་༣ ལྷག་ལ་ཁྲལ་རྒྱག་རྒྱུའི་འཆར་གཞི་ཡོད་པ་དང་། རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུའི་འདོད་པ་མེད་ཀྱང་། དེ་ལྟར་བྱེད་རྒྱུར་ཞེད་སྣང་ཡང་མེད་པ། གནད་དོན་གང་ལ་ཡང་གདོང་ལེན་བྱེད་ཐུབ་པའི་གདེངས་ཚོད་ཡོད་སྐོར་དང་། ཨ་རིར་ཚོང་དམག་བརྒྱབ་ཚེ་ཕྱོགས་གང་ལ་ཡང་ཕན་ཐོགས་མེད་པས་ཐག་གཅོད་དེ་མཚམས་འཇོག་དང་ཕྱིར་འཐེན་བྱེད་པའི་རེ་སྐུལ་བྱས་ཡོད་འདུག

འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་གཉིས་བར་ཚོང་དམག་རྒྱག་འགོ་བཙུགས་པ་ལ་བརྟེན་ནས། རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ནང་གི་མ་རྐང་མང་པོ་ཞིག་གི་རིན་གོང་ཡང་མར་ཆགས་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།