ཨ་རྒྱའི་འགོ་ཁྲིད་མཐོན་པོ་གཉིས་ཀྱི་ཐུག་འཕྲད་བྱས་ན་ཡང་འགལ་ཟླ་མུ་མཐུད་གནས་རྒྱུའི་རྣམ་པ་ཡོད་འདུག
ཨ་རིའི་ཕྱི་སྲིད་དྲུང་གཞོན་ཝན་ཌི-ཤཱར་མན་(Wendy Sherman) རྒྱ་ནག་ཏུ་ཕྱིན་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒན་གཞོན་གཉིས་ཀར་ཐུག་འཕྲད་ཀྱིས་གྲོས་མོལ་བྱས་ན་ཡང་། ཕྱོགས་གཉིས་ཀྱི་ལངས་ཕྱོགས་གསལ་དུ་ཕྱིན་ནས་འགལ་ཟླ་མུ་མཐུད་གནས་རྒྱུའི་རྣམ་པ་ཡོད་འདུག
ཁ་སང་རེས་གཟའ་བའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཐའེ་ཅིང་(Tianjin) དུ་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཝན་ཌི-ཤཱར་མན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒན་གཞོན་གཉིས་ཀར་སོ་སོར་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱེད་ཕྱོགས་སྐོར་ལ་གྲོས་མོལ་བྱས་ན་ཡང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལེ་ཁག་དཀྲི་རེས་དང་། དགོས་འདོན་རེས་བྱས་ཏེ་ལངས་ཕྱོགས་དང་འགལ་བ་མངོན་གསལ་དོད་དུ་གྱུར་ཡོད་འདུག
རྒྱ་ནག་གིས་ཨ་རི་ལ་རྒྱ་ནག་གི་དར་རྒྱས་བཀག་འགོག་དང་། ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པའི་ཉེས་འཛུགས་བྱས་ཏེ་དེ་དག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་འདུག ཡིན་ན་ཡང་། ཨ་རིའི་ངོས་ནས་བོད་དང་། ཧོང་ཀོང་། ཤིང་ཅང་། དེ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གཞན་རྣམས་གླེང་པའི་ཐོག ཁོར་ཡུག་སྲུང་སྐྱོབ་དང་། བྱང་ཀོ་རི་ཡ། ཨེ་རན་ལ་སོགས་པའི་གལ་ཆེའི་གནད་དོན་འགའི་ཐོག་ལ་རྒྱལ་ཁབ་གཉིས་ཀས་ནུས་པ་མཉམ་སྤུང་བྱེད་པའི་དགོས་འདུན་བཏོན་ཡོད་འདུག
ཨ་རྒྱའི་གལ་ཆེའི་གྲོས་མོལ་ཚོགས་འདུ་དེའི་ཐོག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཞི་ཧྥང་(Xie Feng) གིས་ཨ་རི་བ་འགའ་ཤས་ཀྱིས་རྒྱ་ནག་“སེམས་ཀྱིས་རྟོག་བཟོ་བྱས་པའི་དགྲ་བོ་”ཞིག་ཏུ་མཐོང་གི་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བའི་རྒྱུ་མཚན་དེ་གཙོ་བོ་ཨ་རི་ལ་ཐུག་པའི་ལེ་ཁག་དཀྲིས་པའི་ཐོག ཨ་རིའི་ངོས་ནས་“ཤིན་ཏུ་ཉེན་ཁ་ཆེ་ཞིང་ལོག་ལམ་དུ་འཁྲིད་བྱེད་ཀྱི་སྲིད་བྱུས་”དེ་འགྱུར་བ་གཏོང་བའི་དགོས་འདུན་བཏོན་ཡོད་འདུག
ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཨ་རིའི་སྲིད་འཛིན་གོང་མ་སྟེ། སྲིད་འཛིན་ཊོམ་གྱི་སྐབས་སུ་ཇེ་སྡུག་ཏུ་འགྲོ་བའི་འགོ་བརྩམས་པའི་རྗེས། ད་ལྟའང་འགྲོ་བ་མིའི་ཐོབ་ཐང་དང་། དྲ་བའི་བདེ་འཇགས། འཕྲུལ་ཆས་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་མུ་མཐུད་འགལ་ཟླ་འབྱུང་བཞིན་ཡོད།
སྲིད་འཛིན་བྷ་ཌན་གྱིས་ཟླ་བ་དྲུག་གི་གོང་དུ་དམ་འབུལ་ཞུས་པའི་རྗེས། རྒྱ་ནག་ལ་སྐྱོད་མཁན་གྱི་ཨ་རིའི་མགོ་ཁྲིད་མཐོ་ཤོས་དེ་ཕྱི་སྲིད་དྲུང་གཞོན་ཝན་ཌི-ཤཱར་མན་ཆགས་ཡོད་ཅིང་། ཁོང་གིས་བོད་དང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་། དེ་བཞིན་“ཤིང་ཅང་དུ་འབྱུང་བཞིན་པའི་མི་རིགས་རྩ་མེད་”ཀྱི་གནད་དོན་སོགས་གླེང་སློང་བྱས་པའི་ཐོག རྒྱ་ནག་གི་ངོས་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་ཞིབ་འཇུག་ཐོག་ལ་མཉམ་འབྲེལ་བྱེད་འདོད་མེད་པའི་ཐོག་སེམས་འཚབ་ཡོད་སྐོར་སོགས་བརྗོད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།