ཨན་ཌོ་ནི་ཤི་ཡར་ས་ཡོམ་ཤུགས་ཆེན་ཞིག་བརྒྱབ་ནས་མི་མང་པོའི་ཚེ་སྲོག་ཤོར་འདུག 

ས་ཡོམ་དང་མཚོ་རླུང་གི་གནོད་འཚེ་ཡང་ཡང་འབྱུང་ཡུལ་ཨན་ཌོ་ནི་ཤི་ཡ་རྒྱལ་ཁབ་ཏུ་ས་ཡོམ་ཤུགས་དྲག་ཆེན་པོ་ཞིག་བརྒྱབ་ནས་མི་༤༠ ལས་མང་བའི་ཚེ་སྲོག་ཤོར་འདུག་པ་དང་། ད་ལྟའི་ཆར་མི་མང་པོ་ཁང་ཞིག་འོག་ཏུ་ལྷག་ཡོད་པས་མྱུར་སྐྱོབ་ལས་གཞི་འགྲོ་བཞིན་པ་རེད་འདུག 

ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༡ དང་སྐར་མ་༢༨ ཙམ་ལ་ཨན་ཌོ་ནི་ཤི་ཡའི་སཱུ་ལ་ཝེ་སི་གླིང་ཕྲན་དུ་ས་ཡོམ་ཤུགས་ཚད་༦.༢ ཅན་ཞིག་བརྒྱབ་འདུག་པ་དང་། ས་ཡོམ་གྱི་ལྟེ་གནས་སུ་གཏིང་ཚད་ཀི་ལོ་མི་ཊར་༡༠ དང་ཤུགས་ཚད་༦.༢ ཅན་གྱི་ས་འགུལ་བྱུང་འདུག ད་ལྟའི་ཆར་ཉུང་མཐར་མི་གྲངས་༤༢ ཀྱི་ཚེ་སྲོག་ཤོར་འདུག་པ་དང་། མི་གྲངས་ཉུང་མཐར་༦༣༧ ལ་རྨས་སྐྱོན་ཕོག་འདུག 

ས་ཁུལ་དེར་མི་མང་གི་ཁང་པ་དང་གཞུང་གི་ཁང་པ་སོགས་མང་པོ་ཞིག་ལ་གཏོར་སྐྱོན་བྱུང་ཡོད་ཁར། ཁུལ་དེར་ཡོད་པའི་ཁང་བརྩེགས་༨ ཅན་གྱི་སྒེར་སྨན་ཁང་༡ ཡོངས་སུ་རྫོགས་པ་བརྡིབས་ནས་དེའི་འོག་ཏུ་ནད་པ་སོགས་མི་མང་པོ་ལྷག་ནས་བསྡད་ཡོད་འདུག་པ་དང་། སྨན་ཁང་གཞན་༣ གྱི་གནས་སྟངས་ཀྱང་ཡག་པོ་མེད་འདུག་པས། ནད་པར་ཡང་དཀའ་ངལ་འཕྲད་བཞིན་ཡོད་འདུག མྱུར་སྐྱོབ་ལས་དོན་ལ་གྲུབ་འབྲས་ཐོན་ཆེད་དུ་འཕྲུལ་ཆས་ཤུགས་ཆེན་པོ་མེད་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད་འདུག་ཀྱང་། མྱུར་སྐྱོབ་རུ་ཁག་དང་མི་མང་གིས་གྱང་རྡིབ་འོག་ཏུ་ལྷག་པའི་མི་གྲངས་མི་ཉུང་བ་ཞིག་གི་ཚེ་སྲོག་བསྐྱབས་ཐུབ་འདུག 

དེ་ཡང་མི་རྣམས་གཉིད་ཁུག་བཞིན་པའི་སྐབས་སུ་ས་ཡོམ་བརྒྱབ་རྐྱེན། མི་མང་པོ་ཞིག་བྲོས་བྱོལ་འགྲོ་བའི་དུས་ཚོད་ཀྱང་རག་མེད་འདུག 

ས་ཡོམ་དེ་ལ་བརྟེན་ན་ས་ཉུལ་བྱུང་འདུག་པ་དང་། མི་མང་པོ་ཞིག་གིས་ས་ཡོམ་དེ་ལ་བརྟེན་ནས་མཚོ་རླུང་བསླངས་ཡོད་པའི་ཞེད་སྣང་འོག ས་མཐོ་སར་བྲོས་བྱོལ་འགྲོ་བཞིན་འདུག་ཀྱང་། རྒྱལ་ཁབ་ཀྱི་ས་ཁམས་དང་གནམ་གཤིས་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་ལ་བརྟེན་ནས་མཚོ་རླུང་འབྱུང་རྒྱུ་མིན་སྐོར་བརྗོད་འདུག དེ་ཡང་གླིང་ཕྲན་དེར་ཕྱི་ལོ་༢༠༡༨ ལོར་ས་ཡོམ་ཤུགས་ཚད་༦.༢ ཅན་ཞིག་བརྒྱབ་རྗེས། མཚོ་རླུང་ཤུགས་དྲག་ཆེན་པོ་བརྒྱབ་ནས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་འདུག་པས། ཐེངས་འདིར་མི་མང་ཚོས་ཞེད་སྣང་ཆེན་པོ་བྱེད་བཞིན་འདུག 

ཐེངས་འདིའི་ས་ཡོམ་ཤུགས་དྲག་ཆེན་པོ་དེ་མ་བརྒྱབ་པའི་ཉིན་གཅིག་སྔོན་ལ། ཁུལ་དེར་ས་ཡོམ་ཤུགས་ཚད་༥.༩ ཅན་ཞིག་བརྒྱབ་ནས་ཁང་པ་ཁ་ཤས་གཏོར་སྐྱོན་བཏང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།