ཨབ་གྷན་དང་པ་ཀི་སི་ཐན་དུ་གངས་རུད་ཀྱི་གནོད་སྐྱོན།
ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་ཁང་སྦིས་སྦིས་སིའི་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༥ ཉིན་གྱི་དགོང་མོར་པ་ཀི་སི་ཐན་དང་ཨབ་གྷན་ས་མཚམས་ཀྱི་གྲོང་ཁུལ་ནུ་རི་སི་ཐན་ནང་ཁ་བ་བབས་ཤུགས་ཆེ་དྲག་པའི་རྐྱེན་གྱིས། མི་གྲངས་༤༥ གངས་རུད་འོག་ཚེ་སྲོག་ཤོར་ཡོད་འདུག
དེ་མཚུངས་པ་ཀི་སི་ཐན་གྱི་བྱང་ཕྱོགས་ཁུལ་དུ་གངས་རུད་ཀྱི་གནོད་སྐྱོན་འོག་ཏུ་ཁྱོན་མི་གྲངས་༡༣ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། གངས་རུད་དེའི་ཤུགས་རྐྱེན་གྱིས་གྲོང་གསེབ་ནང་གི་ཁང་པ་མང་པོ་ཞིག་གཏོར་སྐྱོན་ཕྱིན་ཡོད་པ་མ་ཟད། མི་མང་པོ་འཁྱགས་ཤི་ཐེབས་པ་དང་། ས་ཁུལ་དེའི་ཁང་པ་དང་རླངས་འཁོར་མང་པོ་ཞིག་གངས་རུད་འོག་ཏུ་ཚུད་ནས་ཕྱིར་ཐོན་མི་ཐུབ་པར་ལུས་ཡོད་པའི་གནས་ཚུལ་བརྗོད་འདུག
དབྱིན་ཇིའི་རྒྱལ་སྤྱིའི་གསར་ཁང་གྷར་ཌེན་ཐོག་ཏུ་གནས་ཚུལ་སྤེལ་དོན། ཨབ་གྷན་ཁོ་ནའི་ནང་དུ་འདས་གྲོངས་སུ་གྱུར་བའི་མི་གྲངས་༥༤ ཟིན་ཡོད་པ་དང། རྨས་སྐྱོན་ཕོག་པ་མི་གྲངས་༥༢ བྱུང་འདུག
ས་གནས་དེའི་སྐྱེས་པ་ཨོ་མར་མོ་ཧན་གྱིས་བརྗོད་དོན། ཁྱིམ་ཚང་ཁྱོན་བསྡོམས་༡༦༨ གཏོར་བཤིག་བཏང་ཡོད་པ་དང་སྒོ་ཟོག་ཁྱོན་༣༤༠ ལྷག་ཤི་ཡོད་འདུག
གནོད་འཚེ་ཕོག་ཡུལ་ས་གནས་ཀྱི་འབྲེལ་ཡོད་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་དོན། གངས་རུད་དེས་ད་ལྟའི་ཆར་ས་ཁུལ་ཁག་ཏུ་སྡོད་ཁྱིམ་མང་པོ་གཏོར་བཤིག་སོང་ཡོད་ཅིང། གཞུང་ལམ་མང་པོ་ཞིག་འགག་པ་དང་དམིགས་སུ་བྱང་ཤར་གྱི་ཞིང་ཆེན་ཁག་གི་འགྲིམ་འགྲུལ་གཞུང་ལམ་ཚང་མ་འགྲོ་ས་མེད་པ་བཟོས་སྐོར་བརྗོད་ཡོད་འདུག
ཨབ་གྷན་གྱི་ས་རི་པུལ་ཞེས་པའི་མངའ་སྡེ་ཁུལ་དུ་མི་གྲངས་༥ འདས་གྲོངས་སུ་གྱུར་ཡོད་པ་ལས་གཞན་གངས་རུད་འོག་ཏུ་ཚུད་པ་མི་གྲངས་༧༠ ལྷག་མྱུར་སྐྱོབ་བྱེད་བཞིན་ཡོད་ནའང་། བྱང་ཤར་གྱི་ས་ཁུལ་དག་ལ་གངས་རུད་ཀྱིས་གཞུང་ལམ་འགག་སྟེ་མྱུར་སྐྱོབ་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག །
གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།