ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་པཱི་ལི་སི་ཐན་གྱི་རྒྱབ་ལ་ལངས་འདུག

ཨི་ཛེ་རིལ་དང་གཏན་འཁེལ་བྱས་པའི་མཛའ་མཐུན་གྱི་རྐང་སྤོལ་རྩེད་འགྲན་ཁྲོད། འཛམ་གླིང་ནང་གྲགས་ཆེ་ཤོས་གྲས་དང་དགའ་མོས་བྱེད་མཁན་མང་པོ་ཡོད་མཁན་ཨར་ཇེན་ཌི་ནའི་རྐང་སྤོལ་རུ་ཁག་ལ། པཱེ་ལི་སེ་ཐན་གྱི་མི་མང་དང་ཁོ་ཚོའི་རྒྱབ་སྐྱོར་བ་མང་པོས་ཕྱིར་འཐེན་བྱེད་པའི་རེ་སྐུལ་ལྟར། རྩེད་འགྲན་ནས་དེ་ཕྱིར་འཐེན་བྱས་འདུག

ཟླ་༦ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་རྐང་སྤོལ་འགྲན་སྡུར་སླེབས་ཉེ་བ་དང་བསྟུན། རྩེད་འགྲན་དེར་རུ་ཁག་ཡག་ཤོས་གྲས་ཨར་ཇེན་ཌི་ནའི་རུ་ཁག་དེས་རྩེད་འགྲན་གྱི་གྲ་སྒྲིག་ཆེད། ཟླ་༦ པའི་ཚེས་༩ ཉིན་རུ་ཁག་དེ་དང་ཨི་ཛེ་རིལ་རུ་ཁག་གཉིས་བར། གནས་ཆེན་ཇུ་རུ་སི་ལམ་དུ་མཛའ་མཐུན་གྱི་རྩེད་འགྲན་བྱ་རྒྱུ་གཏན་འཁེལ་བྱས་ཡོད་འདུག འོན་ཀྱང་པཱེ་ལི་སི་ཐན་གྱི་མི་མང་དང་ཁོ་ཚོའི་རྒྱབ་སྐྱོར་བ་མང་པོ་ཞིག་གིས། གལ་ཏེ་ཨར་ཇེན་ཌི་ནའི་རུ་ཁག་རྩེད་འགྲན་དེར་མཉམ་ཞུགས་བྱས་ཚེ། ཨི་ཛེ་རིལ་གྱིས་པཱེ་ལི་སི་ཐན་ལ་དབང་སྒྱུར་དང་མི་མང་ཕོན་ཆེན་དམར་གསོད་བྱས་པར་རྒྱབ་སྐྱོར་བྱས་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཏེ། རྩེད་འགྲན་དེར་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་དང་སྐྱོན་བརྗོད་མང་པོ་བྱས་རྐྱེན། ཟླ་༦ པའི་ཚེས་༥ ཉིན་ཨར་ཇེན་ཌི་ནའི་རུ་ཁག་གིས་རྩེད་འགྲན་དེ་ཕྱིར་འཐེན་བྱས་ཡོད་པ་རེད་འདུག

གནས་ཚུལ་དེར་པཱེ་ལི་སི་ཐན་མི་མང་གིས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཡོད་འདུག་པ་དང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཨི་ཛེ་རིལ་གྱི་སྲིད་བློན་གྱིས་ཨར་ཇེན་ཌི་ནའི་སྲིད་འཛིན་ལ་ཁ་པར་བཏང་ནས་རྩེད་འགྲན་དེ་ཕྱིར་འཐེན་མི་ཡོང་བའི་ཐབས་ཤེས་བྱས་འདུག་ཀྱང་ལམ་ལྷོངས་བྱུང་མེད་འདུག

པཱེ་ལི་སེ་ཐན་གྱི་རྐང་སྤོལ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས། གནད་དོན་དེས་རིན་ཐང་གི་ལྟ་བ་དང་བཟང་སྤྱོད། རྩེད་མོ་བཅས་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཨི་ཛེ་རིལ་ལ་ཐེངས་འདིར་ཕམ་ཁ་ཆེན་པོ་བྱུང་ཡོད་སྐོར་བསྒྲགས་འདུག དེ་བཞིན་དྲ་ཐོག་ཞུ་གཏུག་ལས་འགུལ་སྤེལ་མཁན་འབོད་སྒྲ་(Avaaz)ཡིས། རྩེད་འགྲན་དེ་ཕྱིར་འཐེན་ཡོང་ཆེད་ལས་འགུལ་ཆེན་པོ་སྤེལ་འདུག་པ་དང་། ཁོང་ཚོས་ཨར་ཇེན་ཌི་ནའི་ཐག་གཅོད་དེ་ནི་བློ་ཁོག་ཆེ་བའི་བཟང་སྤྱོད་ཀྱི་ཐག་གཅོད་ཅིག་ཡིན་སྐོར་བརྗོད་འདུག

ཉེ་བའི་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་བདག་དབང་ཐད་རྩོད་རྙོག་ཆེ་བའི་གནས་ཆེན་ཇུ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་ཐོག གྲོང་ཁྱེར་དེར་ཨ་རིའི་གཞུང་ཚབ་གནས་སྤོས་བྱས་ཏེ། རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་པཱེ་ལི་སེ་ཐན་མི་མང་གིས་ངོ་རྒོལ་བྱས་སྐབས། ཨི་ཛེ་རིལ་གྱི་དམག་མིས་མེ་མདའ་བརྒྱབ་ནས་ཉུང་མཐར་མི་མང་༡༢༠ དམར་གསོད་བཏང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།