ཨི་ཊ་ལིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་ནས་ཕྱིར་འཐེན་ཐབས་བྱེད་བཞིན་འདུག
ཟླ་འདིའི་ཚེས་༣༡ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་ཊ་ལིའི་བདེ་སྲུང་བློན་ཆེན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནང་ཞུགས་རྒྱུའི་ཐག་གཅོད་དེ་ནི་འཕྲལ་སེལ་དང་ཚབས་ཆེན་གྱི་ཐག་གཅོད་ཅིག་རེད་འདུག་ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་མང་པོ་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༣༠ ཉིན་ཨི་ཊ་ལིའི་གསར་འགྱུར་ཁང་(Corriere della Sera newspaper)་ཞེས་པ་ཞིག་གིས་ཨི་ཊ་ལིའི་བདེ་སྲུང་བློན་ཆེན་(Guido Crosetto) ལ་བཅར་འདྲི་ཞིག་བྱེད་པའི་སྐབས་སུ། ཨི་ཊ་ལིའི་བདེ་སྲུང་བློན་ཆེན་གྱིས་ལོ་ངོ་བཞིའི་ཡར་སྔོན་ཏེ། ཨི་ཊ་ལིིའི་གཞུང་འཛིན་སྔོན་མའི་དུས་སུ་ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། སྐབས་དེར་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་དེ་ནི་གྲ་སྒྲིག་མེད་པར་ལམ་སང་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། ཐག་གཅོད་དེ་ནི་དྲག་རྩུབ་ཅན་ནམ་ཚབས་ཆེན་གྱི་ཐག་གཅོད་ཅིག་རེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནང་ཞུགས་པས་རྒྱ་གཞུང་གིས་ཨི་ཊ་ལིའི་ནང་དུ་དངོས་ཟོག་ཕོན་ཆེན་ཕྱིར་ཚོང་བྱས་ཐུབ་ཀྱང་། ཨི་ཊ་ལིའི་གཞུང་གིས་རྒྱ་ནག་ཏུ་དངོས་ཟོག་ཕྱིར་ཚོང་ལ་ཡར་རྒྱས་ཆེན་པོ་ཕྱིན་མེད་པ་རེད་ཅེས་བརྗོད་འདུག
དབྱིན་ཇིའི་རོའུ་ཊར་(Reuters) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༩ ལོ་རྒྱ་ནག་གིས་ཨི་ཊ་ལི་ལ་ཡུ་སྒོར་ཐེར་འབུམ་༣༡.༧ གྱི་དངོས་ཟོག་ཕྱིར་ཚོང་བྱས་ཡོད་པ་ནས་ཕྱི་ལོ་༢༠༢༢ ལོར་རྒྱ་ནག་གིས་ཨི་ཊ་ལི་ལ་ཡུ་སྒོར་ཐེར་འབུམ་༥༧.༥ དངོས་ཟོག་ཕྱིར་ཚོང་བྱས་ཡོད་ཀྱང་། ཨི་ཊ་ལི་ཡིས་ཕྱི་ལོ་༢༠༡༩ ལོ་རྒྱ་ནག་ལ་ཡུ་སྒོར་ཐེར་འབུམ་༡༣ དངོས་ཟོག་ཕྱིར་ཚོང་དང་ཕྱི་ལོ་༢༠༢༢ ་ལོར་ཡུ་སྒོར་ཐེར་འབུམ་༡༨ ཡི་དངོས་ཟོག་མ་གཏོགས་ཕྱིར་ཚོང་བྱས་ཐུབ་མེད་པ་རེད་འདུག
ཕྱི་ལོ་༢༠༡༩ ལོར་ཨི་ཊ་ལིའི་གཞུང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཁྲོད་ནས་རྒྱ་ནག་གི་རྒྱུད་ཅིག་ལམ་གཅིག་ལས་གཞིའི་ནང་ཞུགས་མཁན་དང་པོ་ཆགས་ཡོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་དེ་ནི་རྒྱ་ནག་གིས་ཤུགས་རྐྱེན་ཁྱབ་སྤེལ་བྱེད་པའི་ལག་ཆར་བརྩི་བཞིན་ཡོད་པར་བརྟེན། སྐབས་དེར་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་སེམས་འཚབ་ཡོད་པའི་རྣམ་འགྱུར་ཡང་བསྟན་ཡོད་འདུག
ཨི་ཊ་ལིའི་བདེ་སྲུང་བློན་ཆེན་ནི་རྒྱ་ནག་དང་ཨི་ཊ་ལི་བར་རང་མོས་ཀྱིས་མིང་རྟགས་བཀོད་པའི་རྒྱུད་ཅིག་ལམ་གཅིག་ལས་གཞིའི་གྲོས་མཐུན་ལས་ཐར་ཐབས་གནང་མཁན་གྱི་ཨི་ཊ་ལིའི་གཞུང་འཛིན་མི་སྣ་ཞིག་ཆགས་ཡོད་འདུག

ལོ་འདིའི་ཕྱི་ཟླ་༥ ནས་ཨི་ཊ་ལིའི་ནང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མུ་མཐུད་མཉམ་ཞུགས་བྱེད་དགོས་མིན་ཐོག་བགྲོ་གླེང་རིམ་པ་བྱུང་ཡོད་པ་དང་། གལ་སྲིད་ཨི་ཊ་ལིའི་གཞུང་གིས་ལོ་འདིའི་ཕྱི་ཟླ་༡༢ ནང་རྒྱ་ནག་ལ་རེ་སྐུལ་གྱིས་གན་རྒྱ་ནས་ཕྱིར་འཐེན་མ་བྱས་ཚེ། ཕྱི་ལོ་༢༠༢༤ ལོ་རང་བཞིན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མཉམ་ཞུགས་བྱས་པ་ཆགས་འགྲོ་ཡི་ཡོད་འདུག
ཨི་ཊ་ལིའི་བདེ་སྲུང་བློན་ཆེན་གྱིས་དོན་དངོས་ཐོག་རྒྱ་ནག་ནི་འགྲན་ཡ་ཞིག་ཡིན་པ་མ་ཟད། རོགས་ཟླ་ཞིག་ཀྱང་ཡིན་ཞིང་། ཨི་ཊ་ལིའི་གཞུང་གི་དཀའ་ངལ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་མ་བཏང་བའི་ཐོག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལས་ཐར་ཐབས་གནང་རྒྱུ་དེ་རེད་ཅེས་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༧ ཉིན་ཨི་ཊ་ལིའི་སྲིད་བློན་ཇོར་ཇི་ཡ་མེ་ལོ་ནི་(Giorgia Meloni)་དང་ཨ་རིའི་སྲིད་འཛིན་བྷ་ཌན་གཉིས་མཇའ་འཕྲད་གནང་རྗེས། ཨི་ཊ་ལིའི་སྲིད་བློན་གྱིས་ལོ་འདིའི་ཕྱི་ཟླ་༡༢ བར་ཨི་ཊ་ལིའི་གཞུང་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མུ་མཐུད་མཉམ་ཞུགས་བྱས་མིན་ཐོག་ཐག་གཅོད་བྱ་རྒྱུའི་གོ་སྐབས་ཡོད་རབས་དང་། ཁོང་ཉིད་རིང་མིན་རྒྱ་ནག་ཏུ་འགྲོ་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་(WION) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་དང་དབུས་ཨེ་ཤེ་ཡ་ནས་རྒྱལ་ཁབ་༣༥ ། ལྷོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་༢༥ དང་བྱང་ཨ་ཧྥུ་རི་ཀ་དང་ནུབ་ཨེ་ཤེ་ཡ་ནས་རྒྱལ་ཁབ་༡༨ སོགས་འདས་པའི་ལོ་ངོ་བཅུའི་རིང་འཛམ་གླིང་ཁྱོན་ཡོངས་ལ་རྒྱལ་ཁབ་༡༤༨ རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་མང་པོ་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
