ཨི་རན་གྱིས་ཨ་རིར་རོགས་སྐྱོོར་ཞུས་ཀྱང་རོགས་པ་ཐུབ་མ་སོང་ཞེས་ཨ་རིའི་གཞུང་གི་མགྲིན་ཚབ་པས་བརྗོད།

ཟླ་འདིའི་ཚེས་༢༡ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གྱིས་ཨ་རི་དང་ཨི་སི་རེལ་གཉིས་ནི་དགྲ་ཟླ་གཙོ་བོ་ལ་ངོས་འཛིན་བྱེད་ཀྱི་ཡོད་ན་ཡང་། ཉེ་ཆར་ཨི་རན་གྱི་སྲིད་འཛིན་གནམ་གྲུ་བརྡབ་སྐྱོན་ཁྲོད་ཚེ་སྲོག་ཤོར་བ་དང་འབྲེལ་ཨི་རན་གྱི་གཞུང་གིས་ཨ་རི་ལ་རོགས་སྐྱོར་གྱི་རེ་སྐུལ་ཞུས་འདུག་ཀྱང་ཨ་རིས་རོགས་པ་བྱས་མེད་པའི་གནས་ཚུལ་ཐོན་འདུག

( པར། NDTV)

བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་ཨི་རན་གྱི་སྲིད་འཛིན་ཨི་རན་གྱི་བྱང་ཕྱོགས་སུ་ཕྱིན་ནས་ཚུར་ལོག་ཡོང་དུས། མཁའ་དབྱིངས་སུ་སྨུག་པ་འཐིབས་པའི་དབང་གིས་གནམ་གྲུ་བརྡབ་སྐྱོན་བྱུང་ནས་གནམ་གྲུའི་ནང་ཡོད་པའི་ཨི་རན་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཙོས་མི་དགུ་རྐྱེན་འདས་སུ་ཕྱིན་ཡོད་འདུག གནས་ཚུལ་དེ་འབྱུང་བའི་སྐབས་སུ། ཨ་རི་དང་ཕྱི་འབྲེལ་བཅད་ཟིན་པ་དང་རྒྱུན་དུ་ཨ་རི་དང་ཨི་སི་རེལ་གཉིས་ནི་དགྲ་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་མཁན་ཨི་རན་གཞུང་གིས་ཨ་རི་ལ་རོགས་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

ཟླ་འདིའི་ཚེས་༢༠ ་ཉིན་ཨ་རིའི་གཞུང་གི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས། ཁོང་གིས་ཨི་རན་གཞུང་གིས་ང་ཚོ་ལ་རོགས་རམ་གནང་རོགས་ཞེས་ཞུས་འདུག ང་ཚོས་ཁོང་ཚོར་རོགས་པ་བྱེད་རྒྱུ་ཡིན་ཞེས་གསལ་པོ་བཤད་ཡོད། གང་ཡིན་ཟེར་ན། གནས་སྟངས་དེ་འདྲའི་འོག་རྒྱལ་ཁབ་སུས་རེ་སྐུལ་ཞུས་ནའང་ང་ཚོས་རོགས་པ་བྱེད་ཀྱི་ཡོད། མཐའ་མར་དེར་ང་ཚོས་རོགས་པ་བྱེད་ཐུབ་མ་སོང་ཞེས་དང་། སྲིད་འཛིན་ཁོ་ནི་འདས་པའི་ལོ་ངོ་བཞི་ཙམ་གྱི་རིང་ཨི་རན་གྱི་མི་མང་ལ་དྲག་གནོན་བྱེད་མཁན་གྲས་ཤིག་ཡིན་པ་དང་། སྲིད་འཛིན་བྱས་པའི་དུས་ཡུན་ལོ་ངོ་བཅུའི་རིང་ཨི་རན་གྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཡོད་ཀྱང་། ང་ཚོས་མི་སུ་ཞིག་ཤི་བ་མཐོང་འདོད་མེད་ལ། སུ་ཤི་བ་ཡིན་ནའང་བློ་འགྱོད་ཡོད། ཡིན་ཡང་། དེ་ཡིས་ཁོ་རང་སྲིད་འཛིན་ཡིན་པ་དང་ཁོའི་ལག་ལ་ཁྲག་འགོས་ཡོད་པ་སོགས་དངོས་ཡོད་ཀྱི་གནས་ཚུལ་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
ཨི་རན་གཞུང་གིས་ད་བར་གནམ་གྲུའི་དོན་རྐྱེན་བྱུང་དོན་གང་ཡིན་ཚིག་གཅིག་བཤད་མེད་པ་དང་། གནམ་གྲུ་དེ་ནི་ཨ་རིས་བཟོས་པ་ཞིག་ཆགས་ཡོད་པར་བརྟེན། གསར་འགོད་པས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལ་ཨི་རན་གྱི་དོན་རྐྱེན་དེའི་ཉེས་ཁག་ཨ་རི་ལ་གཡོག་སྲིད་པའི་སེམས་ཁྲལ་འདུག་མིན་དྲིས་པར་རྒྱལ་སྲུང་དྲུང་ཆེས་ཨ་རི་དོན་རྐྱེན་དེའི་ཁྲོད་དུ་མེད་པ་དང་དོན་རྐྱེན་དེའི་འབྱུང་རྐྱེན་གང་ཡིན་ཚོད་དཔག་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད་འདུག

ཐེངས་འདིའི་གནམ་གྲུའི་དོན་རྐྱེན་དེ་ནི་ཨི་རན་གྱི་ནང་དུ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཐོག་ལ་བསམ་ཚུལ་མི་མཐུན་པ་ཡོང་བཞིན་པ་དང་དཔལ་འབྱོར་ཉམས་ཉེས་འབྱུང་བཞིན་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་དང་། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལང་བཞིན་པའི་སྐབས་སུ་ཨི་རན་གྱིས་ཨུ་རུ་སུ་དང་དམག་དོན་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་པའི་ཐོག་ལ་སྐྱོན་བརྗོད་བྱེད་པའི་དུས་སུ་བྱུང་བ་ཞིག་ཆགས་ཀྱི་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་འགའ་རེས་དོན་རྐྱེན་དེའི་རྒྱབ་ལ་ཨི་སི་རེལ་ཡོད་སྲིད་པའི་དོགས་པ་བྱེད་བཞིན་ཡོད་འདུག དོགས་པ་བྱེད་དོན་ནི། ཨི་རན་དང་ཨི་སི་རེལ་བར་ལོ་རྒྱུས་ཐོག་འབྲེལ་ལམ་ཡག་པོ་མེད་པ་དང་། ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༤ པའི་ནང་ཨི་སི་རེལ་གྱིས་སི་རི་ཡའི་ནང་ཡོད་པའི་ཨི་རན་གྱི་གཞུང་ཚབ་ཁང་ལ་གཏོར་རྒོལ་བྱས་ནས་ཨི་རན་གྱི་དམག་སྤྱི་གཉིས་བསད་པའི་རྗེས། ཨི་རན་གྱིས་དེ་སྔ་བྱུང་མ་མྱོང་པའི་ཌོ་རོན་དང་འཕུར་མདའ་སོགས་གྲངས་སུམ་བརྒྱ་ལྷག་ཨི་སི་རེལ་ལ་འཕངས་ནས་དགྲ་ལན་བསླགས་ཡོད་པ། དེ་བཞིན་ཨི་སི་རེལ་གྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ཚན་རིག་པ་ཁག་ཅིག་ཀྱང་ལྐོག་གསོད་བཏང་མྱོང་བ་མ་ཟད། ད་ལྟ་ཨི་སི་རེལ་དང་ཧ་མ་སི་དྲག་དཔུང་གི་དམག་འཁྲུག་ལང་བཞིན་ཡོད་པ་སོགས་རྒྱུ་མཚན་ཆེན་པོ་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་འགའ་རེས། ཨི་རན་གྱིས་ཚུར་རྒོལ་དྲག་པོ་བྱེད་སྲིད་པ་དང། མཇུག་འབྲས་དེའི་རིགས་ཀྱི་ཉེན་ཁར་མ་འཛེམས་པར། སྲིད་འཛིན་ལྐོག་གསོད་བྱས་པ་ནི་གླེན་རྟགས་ཤིག་ཡིན་པས་ཨི་སི་རེལ་གྱིས་དེ་ལྟར་བྱེད་མི་སྲིད་ཅེས་རྗོད་མཁན་ཡང་འདུག ཨི་སི་རེལ་གྱི་གཞུང་འབྲེལ་མི་སྣ་ཞིག་གིས་དོན་རྐྱེན་དེའི་ནང་ཨི་སི་རེལ་ཚུད་མེད་ཅེས་རོའུ་ཊ་གསར་ཁང་ལ་བརྗོད་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།