ཨི་སི་རིལ་གྱིས་གྷ་རྫ་གྲོང་ཁྱེར་བཙན་བཟུང་བྱས་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཟེར།

ཉེ་ཆར་ཧ་མ་སི་དྲག་སྤྱོད་པས་ཨི་སི་རིལ་མི་མང་ཐོག་གློ་བུར་དུ་དྲག་པོའི་གཏོར་རྒོལ་བཏང་ནས་ཨི་སི་རིལ་གྱི་མི་མང་པོ་ཞིག་བསད་ཡོད་པ་དང་། ཧ་མ་སི་དྲག་སྤྱོད་པ་མང་པོ་ཞིག་གྷ་རྫ་གྲོང་ཁྱེར་ནང་དུ་ཡོད་པར་བརྟེན། ཨི་སི་རིལ་དམག་གིས་ཚེས་༢༣ ཉིན་གྷ་རྫའི་བྱང་ཕྱོགས་སུ་ཡོད་པའི་མི་མང་རྣམས་ལྷོ་ཕྱོགས་སུ་ཆུ་ཚོད་༢༤ ནང་གནས་སྤོ་དགོས་པ་བརྡ་ཐོ་བཏང་ཡོད་པ་དང་། ད་ཆར་ཨི་སི་རིལ་གྱི་གྷ་རྫ་གྲོང་ཁྱེར་ཁྱོན་ཡོངས་ནས་གཏོར་རྒོལ་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་གྱིས་བརྗོད་དོན་ལ་ཨི་སི་རིལ་གྱིས་གྷ་རྫའི་གྲོང་ཁྱེར་བཙན་བཟུང་བྱས་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་བརྗོད་འདུག 

ཕྱི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ཆར་(CBS)ཟེར་བའི་གསར་ཁང་ཞིག་གིས་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་ལ་སྐར་མ་༦༠ ཅན་གྱི་བཅར་འདྲི་ཞིག་བྱས་ཡོད་པ་དང་། སྐབས་དེ་དུས་ཇོ་བྷ་ཌན་གྱིས་བརྗོད་དོན་ལ་གལ་སྲིད་ཨི་སི་རིལ་གྱིས་གྷ་རྫ་གྲོང་ཁྱེར་བཙན་བཟུང་བྱས་ན་དེ་ནི་ནོར་འཁྲུལ་ཆེན་པོ་རེད་ཅེས་བརྗོད་འདུག་ལ། དེ་བཞིན་ཨ་རིའི་སྲིད་འཛིན་ཨི་སི་རིལ་ལ་འགྲོ་འཆར་ཡོད་པ་ཡང་བརྗོད་འདུག་ཀྱང་། ཨ་རིའི་རྒྱལ་ཁབ་ཀྱི་བདེ་སྲུང་མགྲིན་ཚབ་པས་བརྗོད་དོན་ལ་སྲིད་འཛིན་ཇོ་བྷ་ཌན་ཨི་སི་རིལ་ལ་ཕེབས་རྒྱུ་ཡིན་མིན་ད་དུང་ཐག་ཆོད་མེད་ཚུལ་བརྗོད་འདུག སྲིད་འཛིན་ཇོ་བྷ་ཌན་གྱིས་བཅར་འདྲིའི་སྐབས་སུ་ངའི་རེ་བ་ལ་ཨི་སི་རིལ་གྱིས་ངེས་པར་དུ་དམག་རྒྱག་དུས་དམག་གི་སྒྲིག་ཁྲིམས་གཞིར་བཟུང་དགོས་པ་དང་། མི་མང་ཉམ་ཆུང་རྣམས་ལ་ཆུ་དང་ཁ་ལག སྨན་སོགས་མཐུན་རྐྱེན་བཀག་སྡོམ་བྱས་ན་འགྲིག་གི་མ་རེད་ཅེས་དང་། དེ་བཞིན་ཨི་སི་རིལ་གྱིས་གྷ་རྫའི་གྲོང་ཁྱེར་གཙོས་པའི་པ་ལི་སི་ཐན་གྱི་ས་ཆ་གཞན་རྣམས་ཡུན་རིང་བཙན་བཟུང་མ་བྱས་པར་གང་མགྱོགས་པ་ལི་སི་ཐན་ལ་ཕར་སྤྲོད་དགོས་པ་དང་། ས་ཆ་དེ་དག་ངེས་པར་དུ་པ་ལི་སི་ཐན་གཞུང་གིས་འཛིན་སྐྱོང་བྱེད་དགོས་པ་རེེད་ལ། ད་ལྟ་གྷ་རྫའི་ནང་གང་འབྱུང་བཞིན་པ་རྣམས་ངས་བལྟས་ནས་ནོར་འཁྲུལ་ཆེན་པོ་རེད། གྷ་རྫའི་ནང་ཡོད་པའི་ཧ་མ་སི་དྲག་སྤྱོད་མི་འགའ་ཤས་ཀྱིས་པ་ལི་སི་ཐན་མི་མང་ཚང་མའི་ཚབ་མཚོན་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག ཧ་མ་སི་ཟེར་བ་ནི་དེ་སྔོན་ཨི་སི་རིལ་ལ་གཏོར་རྒོལ་བྱེད་མཁན་གྱི་དྲག་སྤྱོད་པའི་ཚོགས་པ་དེ་ཡིན་པ་དང་། ཁོང་ཚོ་ནི་པ་ལི་སི་ཐན་གྱི་གྲོང་ཁྱེར་གྷ་རྫ་ཟེར་བ་དེའི་ནང་ཡོད་པར་བརྟེན། ཨི་སི་རིལ་གྱིས་གྷ་རྫ་གྲོང་ཁྱེར་ནང་ཡོད་པའི་ཧ་མ་སི་དྲག་སྤྱོད་པའི་ཐོག་ཏུ་གཏོར་རྒོལ་ཚད་མེད་བྱེད་བཞིན་ཡོད་འདུག 

ད་དུང་ཨ་རི་སྲིད་འཛིན་གྱིས་བརྗོད་དོན་ལ་གྷ་རྫ་གྲོང་ཁྱེར་ནང་ཨི་སི་རིལ་གྱིས་བཙན་འཛུལ་བྱས་ནས་ཧ་མ་སི་དྲག་སྤྱོད་པ་དག་མེད་པ་བཟོ་རྒྱུ་ནི་འོས་པ་ཞིག་རེད་ལ། ཧ་མ་སི་དྲག་སྤྱོད་པ་དག་པ་ལི་སི་ཐན་ནང་མེད་པར་གཙང་མ་བཟོ་དགོས་པ་ཞིག་རེད་ཅེས་བརྗོད་འདུག དེ་བཞིན་གསར་འགོད་པས་ཇོ་བྷ་ཌན་ལ་ཨ་རིའི་དམག་ཨི་སི་རིལ་ལ་རོགས་པ་གཏོང་དགོས་ཀྱི་རེད་དམ་ཞེས་འདྲི་དུས། དེའི་ལན་དུ་ངས་བལྟས་ན་དགོས་ཀྱི་མ་རེད། རྒྱུ་མཚན་ནི་ཨི་སི་རིལ་ལ་དམག་གི་སྟོབས་ཤུགས་ལེགས་པོ་ཡོད་པས་དགོས་ཀྱི་མ་རེད་བསམ་གྱི་འདུག་ཅེས་བརྗོད། འོན་ཀྱང། གལ་སྲིད་དམག་རོགས་དགོས་པ་འདྲ་བྱུང་ན་ང་ཚོས་ཨི་སི་རིལ་ལ་རོགས་རམ་གང་དགོས་ནའང་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།