ཨི་སི་རིལ་གྱིས་གྷ་རྫའི་བྱང་ཕྱོགས་སུ་ཡོད་པའི་མི་ས་ཡ་༡.༡ ཙམ་ཆུ་ཚོད་༢༤ ནང་གནས་སྤོ་དགོས་པར་བརྗོད།

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དང་ཨི་སི་རིལ་གྱི་དམག་འཁྲུག་ཁྲོད་ད་བར་མི་གྲངས་འབུམ་བཞི་ལྷག་གནས་སྤོ་བྱེད་དགོས་བྱུང་ཡོད་པ་དང་། ལྷག་པར་དུ་དེ་རིང་ཞོགས་པ་ཨི་སི་རིལ་གྱི་དམག་གིས་གྷ་རྫའི་བྱང་ཕྱོགས་སུ་ཡོད་པའི་མི་ཡོངས་རྫོགས་ཆུ་ཚོད་༢༤ ནས་གྷ་རྫའི་ལྷོ་ཕྱོགས་སུ་སྤོ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༢ ཉིན་གྱི་ཕྱི་དྲོ་ཨི་སི་རིལ་གྱི་མཁའ་དམག་གིས་བརྗོད་གསལ་ལྟར་ན། རེས་གཟའ་སྤེན་པ་ནས་ད་བར་ཨི་སི་རིལ་གྱིས་ཧ་མ་སི་དམག་དཔུང་ལ་དམིགས་ནས་གྷ་རྫ་ཁུལ་དུ་འབར་རྫས་(Bomb) ་གྲངས་༦༠༠༠ འཕངས་ཡོད་པ་དང་། གཏོར་རྒོལ་དེའི་ཁྲོད་པ་ལི་སི་ཐན་གྱི་མི་༡༥༠༠ བསད་ཡོད་པ་མ་ཟད་ཤི་མི་གསུམ་ཆ་གཅིག་ནི་ཕྲུ་གུ་ཆགས་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྷ་རྫ་སོགས་ཀྱི་ས་ཁུལ་ལ་ཛ་དྲག་གི་གནས་སྟངས་ཆེད་ཨ་སྒོར་ས་ཡ་$༢༩༤ ཡི་རོགས་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། དམག་འཁྲུག་གིས་རྐྱེན་པས་ད་བར་པ་ལི་སི་ཐན་གྱི་མི་སེར་༤༢༣༣༧༨ ལྷག་གནས་སྤོ་བྱེད་དགོས་བྱུང་ཡོད་པར་བརྗོད་འདུག
ཟླ་འདིའི་ཚེས་༡༣ ཉིན་གྱི་ཞོགས་པ་ཨི་སི་རིལ་གྱི་དམག་གིས་གྷ་རྫའི་བྱང་ཕྱོགས་སུ་ཡོད་པའི་པ་ལི་སི་ཐན་གྱི་མི་གྲངས་ས་ཡ་༡.༡ ལ་དུས་ཡུན་ཆུ་ཚོད་༢༤ རིང་གྷ་རྫའི་ལྷོ་ཕྱོགས་ས་ཁུལ་གྱི་མཐའ་མཚམས་སུ་སྤོ་དགོས་ཞེས་བཀོད་ཁྱབ་བཏང་ཡོད་པ་དང་། ཧ་མ་སི་དམག་དཔུང་གིས་པ་ལི་སི་ཐན་གྱི་མི་མང་ཚོ་ལ་ཨི་སི་རིལ་གྱི་གསལ་བསྒྲགས་སྣང་མེད་དུ་བཏང་ནས་ཁྱིམ་དུ་སྡོད་ཅེས་བརྗོད་ཡོད་འདུག མི་མང་པོ་ཞིག་སྤོ་འགོ་འཛུགས་བཞིན་ཡོད་ཀྱང་། འགའ་ཤས་ནི་སྤོ་མ་ཐུབ་པའི་དཀའ་ངལ་དང་ཞེད་སྣང་འོག་སྡོད་བཞིན་ཡོད་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གྷ་རྫ་ཁུལ་དུ་ཛ་དྲག་གི་ནད་པ་མང་པོ་ཡོད་པས་ཨི་སི་རིལ་གྱི་བཀོད་ཁྱབ་དེ་ཕྱིར་འཐེན་བྱེད་པའི་འབོད་སྐུལ་ཞུས་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་གསལ་ལྟར་ན། ཨི་སི་རིལ་གྱིས་ད་བར་ཁ་ཆེའི་ལྷ་ཁང་༡༡ དང་སློབ་གྲྭ་༩༠ ཙམ་ལ་འབར་རྫས་ཀྱིས་གཏོར་རྒོལ་བྱས་ཡོད་པ་དང་། གྷ་རྫ་ལ་ཡོད་པའི་སྡོད་ཁང་བརྒྱ་ཕྲག་མང་པོ་གཏོར་ཡོད་པར་བརྗོད་འདུག
འདས་པའི་ཆུ་ཚོད་༢༤ རིང་ཨི་སི་རིལ་གྱིས་གྷ་རྫ་ལ་གཏོར་རྒོལ་བྱས་པའི་ཁྲོད་ཧ་མ་སིའི་ལག་ཏུ་ཚུད་པའི་གཏའ་མི་༡༣ ཡི་ཚེ་སྲོག་ཤོར་སོང་ཞེས་ཧ་མ་སིས་བརྗོད་འདུག ད་བར་ཧ་མ་སིས་གཏའ་མི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་ཡིད་ཆེས་བྱེད་བཞིན་པ་དང་། གཏའ་མིའི་ཁྲོད་མི་གྲངས་༩༧ ཨི་སི་རིལ་གཞུང་གིས་ར་སྤྲོད་བྱུང་ཡོད་འདུག
ཨི་རན་ཕྱི་སྲིད་བློན་ཆེན་གྱིས་གྷ་རྫ་དང་པ་ལི་སི་ཐན་གཉིས་ལ་ཁ་གཏད་ཀྱིས་དམག་དོན་ནག་ཉེས་མུ་མཐུད་གསོག་བཞིན་པ་དེ་ཡིས་དམག་འཁྲུག་གི་ཁ་ཕྱོགས་གསར་པ་ཞིག་གཏོད་སྲིད་པ་དང་། དམག་འཁྲུག་གི་གྲུབ་འབྲས་གང་བྱུང་ཡང་འགན་ཡོངས་རྫོགས་ཨི་སི་རིལ་གྱིས་འཁྱེར་དགོས་ཡོད་ཅེས་བརྗོད་ཡོད་འདུག
ཨི་སི་རིལ་གྱིས་ཧ་མ་སི་ལ་འཁོན་ལན་སློག་པའི་ཁྲོད་གསར་འགོད་པ་གསུམ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་༡༢ ཡི་ཚེ་སྲོག་ཤོར་ཡོད་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ནས་ད་བར་གྷ་རྫ་ལ་ཡོད་པའི་འཕྲོད་བསྟེན་བལྟ་སྐྱོང་ཁག་༣༤ ལ་གཏོར་རྒོལ་བྱུང་ཡོད་པ་དང་ད་བར་འཕྲོད་བསྟེན་ལས་བྱེད་༡༦ ལ་རྨས་སྐྱོན་དང་ནད་པ་འདྲེན་འཁོར་(Ambulance) ལ་གཏོར་བཤིག་ཐེབས་ཡོད་འདུག
ད་ལྟའི་ཆར་རྒྱ་གར་དང་ལྷོ་ཀོ་རི་ཡ། འཇར་མན་དང་ཧྥ་རན་སི། ནོར་ཝེ་སོགས་རྒྱལ་ཁབ་མང་པོས་གནམ་གྲུ་བཏང་ནས་ཨི་སི་རིལ་དུ་ཡོད་པའི་རྒྱལ་ཁབ་སོ་སོའི་མི་སེར་ཚོ་ཕྱིར་ཕ་ཡུལ་དུ་ལེན་ཐབས་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
