ཨི་སི་རེལ་གྱིས་གྷ་རྫའི་ལྷོ་ཕྱོགས་སུ་ཡོད་པའི་རཱ་ཧྥ་ས་ཁུལ་དུ་དཔུང་འཇུག་དང་མི་མང་རྣམས་བྲོས་བྱོལ་དུ་འགྲོ་དགོས་པ།

ཟླ་འདིའི་ཚེས་༡༣་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱིས་གྷ་རྫའི་ལྷོ་ཕྱོགས་སུ་ཡོད་པའི་རཱ་ཧྥ་ས་ཁུལ་དུ་དཔུང་འཇུག་དང་གཏོར་རྒོལ་བྱས་ནས་མི་གྲངས་འབུམ་གསུམ་ལྷག་བཙན་གྱིས་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག

པར། Egypt Today

གྷ་རྫའི་ལྷོ་ཕྱོགས་ས་ཁུལ་ནི་ཧ་མ་སི་དྲག་དཔུང་གི་མཐའ་མའི་རྟེན་གཞི་དེ་གྱུར་ཡོད་པ་དང་། ཨི་སི་རེལ་གྱིས་ས་ཁུལ་དེའི་ནང་ཧ་མ་སི་དྲག་དཔུང་དང་འཐབ་འོག་བཙུགས་ཟིན་པས་ས་ཁུལ་དེ་ལ་ཡོད་པའི་མི་སེར་འབུམ་གསུམ་ལྷག་ས་གནས་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག

དེ་སྔོན་ལྷོ་ཨ་ཧྥི་རི་ཀས་ཨི་སི་རེལ་གྱིས་གྷ་རྫ་ས་ཁུལ་དུ་མི་རིགས་རྩ་མེད་གཏོང་བའི་ཆིངས་ཡིག་ནང་གཏན་འབེབས་བྱས་པའི་འོས་འགན་དང་འགལ་ཡོད་པའི་སྐྱོན་འཛུགས་བྱས་ནས་རྒྱལ་སྤྱིའི་བདེན་དོན་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཡོད་པར་ལྟར། ཨི་ཇིབ་རྒྱལ་ཁབ་ཀྱིས་ཀྱང་གཞུང་འབྲེལ་གྱིས་མཉམ་ཞུགས་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱལ་ཚོགས་སུ་པ་ལི་སི་ཐན་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་གི་ཐོབ་ཐང་ཆ་ཚང་སྤྲོད་མིན་ཐད་འོས་བསྡུ་བྱེད་པའི་སྐབས། རྒྱ་གར་དང་ཧྥ་རན་སི་གཙོས་པའི་རྒྱལ་ཁབ་༡༤༣ གྱིས་རྒྱབ་སྐྱོར་བྱས་ཡོད་པ་དང་། ཨ་རི་དང་ཨི་སི་རེལ་སོགས་རྒྱལ་ཁབ་༩ ཡིས་ངོ་རྒོལ་བྱས། ཁེ་ན་ཌ་དང་དབྱིན་ཡུལ་སོགས་རྒྱལ་ཁབ་༢༥ བར་གནས་བྱས་ཡོད་འདུག
ན་ནིང་ཕྱི་ཟླ་བདུན་པའི་ནང་ཨི་སི་རེལ་གྱིས་གྷ་རྫ་ལ་གཏོར་རྒོལ་བྱས་པ་ནས་བཟུང་། ད་བར་ཨི་སི་རེལ་གྱིས་གྷ་རྫ་ཁུལ་དུ་མི་གྲངས་༣༥༠༣༤ ་ལྷག་བསད་ཡོད་པ་དང་། མི་གྲངས་༧༨༧༥༥ ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག
ད་ལྟའི་ཆར་ཨི་སི་རེལ་གྱིས་མི་ཚོགས་མང་ལ་ས་རྒྱ་ཆུང་བའི་རཱ་ཧྥ་ས་ཁུལ་དུ་གཏོར་རྒོལ་བྱེད་བཞིན་ཡོད་པས་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོས་ས་ཁུལ་དེ་ལ་མི་དམངས་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཉེན་ཡོད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག ཟླ་འདིའི་ཚེས་༦ ཉིན་ཨི་སི་རེལ་གྱིས་ས་ཁུལ་དེ་ལ་ཡོད་པའི་མི་དམངས་ཚོ་ཉེན་གཡོལ་འགྲོ་དགོས་པའི་གསལ་བསྒྲགས་སྤེལ་བ་ལྟར། ད་བར་མི་གྲངས་༣༦༠༠༠༠ ཙམ་ས་གནས་དེ་ནས་ཁ་བྲལ་ནས་ས་གནས་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།