ཨི་སི་རེལ་གྱིས་རཱ་ཧྥ་ས་ཁུལ་དུ་དཔུང་འཇུག་བྱས་པས་ས་གནས་མི་སེར་འབུམ་བརྒྱད་ལྷག་ཡུལ་བྱོལ་དུ་འགྲོ་དགོས་བྱུང་།

ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱིས་གྷ་རྫའི་ཁུལ་དུ་གཏོར་རྒོལ་བྱས་ནས་བཟུང་ད་བར་མི་གྲངས་ཁྲི་གསུམ་ལྷག་བསད་ཡོད་པ་དང་། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་ཧ་མ་སི་དྲག་དཔུང་གིས་ཨི་སི་རེལ་གྱི་ཕྱོགས་ལ་ཐག་རིང་སྙོབ་པའི་མེ་ཤུགས་འཕུར་མདའ་ཐེངས་དང་པོ་དེ་གཡུགས་ནས་གཏོར་རྒོལ་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༦ ་ཉིན་ཧ་མ་སི་དྲག་དཔུང་གིས་ཨི་སི་རེལ་ལ་ཐག་རིང་སྙོབ་པའི་མེ་ཤུགས་འཕུར་མདའ་ཕོན་ཆེན་འཕངས་ཡོད་ཅེས་བརྗོད་པ་དང་། ཨི་སི་རེལ་གྱི་དམག་དཔུང་གིས་ཧ་མ་སི་དྲག་དཔུང་གིས་རཱ་ཧྥ་ས་ཁུལ་ནས་མེ་ཤུགས་འཕུར་མདའ་ཉུང་མཐར་བརྒྱད་འཕངས་པ་དང་དེ་དག་བཀག་འགོག་བྱས་ཡོད་པར་བརྗོད་འདུག ཧ་མ་སི་དྲག་དཔུང་གིས་ད་དུང་ཇ་བྷ་ལི་ཡ་གྲོང་ཁྱེར་དུ་དམག་འཁྲུག་རྒྱག་སྐབས། ཨི་སི་རེལ་གྱི་དམག་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་ཅེས་བརྗོད་ཀྱང་། ཨི་སི་རེལ་གྱིས་དེར་ཁས་ལེན་བྱས་མི་འདུག
ཨི་སི་རེལ་གྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཅིག་ཁ་ཐར་རྒྱལ་ཁབ་ཀྱི་སྲིད་བློན་དང་ཐུག་འཕྲད་བྱས་ནས་དམག་མཚམས་འཇོག་རྒྱུའི་གྲོས་མོལ་གྱི་སྒྲོམ་གཞི་གསར་པ་ཞིག་ལ་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཧ་མ་སི་དྲག་དཔུང་གིས་གཟའ་འཁོར་རྗེས་མའི་ནང་ཨི་ཇིབ་ཀྱི་རྒྱལ་ས་ལ་དམག་འཁྲུག་མཚམས་འཇོག་ཆེད་གྲོས་མོལ་སླར་གསོ་བྱ་རྒྱུའི་གནས་ཚུལ་ཐོན་པར་ཁས་ལེན་བྱས་མེད་པ་རེད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཁང་གིས་གྷ་རྫའི་ལྷོ་ཕྱོགས་ས་ཁུལ་དུ་གཏོར་རྒོལ་བྱེད་རྒྱུ་མཚམས་འཇོག་དགོས་པའི་བཀའ་བཏང་རུང་། ཨི་སི་རེལ་གྱིས་ས་ཁུལ་དེ་ལ་དཔུང་འཇུག་མུ་མཐུད་བྱེད་བཞིན་ཡོད་འདུག རཱ་ཧྥ་ས་ཁུལ་དུ་མི་གྲངས་ས་ཡ་༡༥ ཙམ་གནས་སྡོད་བྱེད་བཞིན་ཡོད་པ་དང་ཨི་སི་རེལ་གྱིས་ས་ཁུལ་དེ་ལ་གཏོར་རྒོལ་བྱས་ནས་དུས་ཡུན་བདུན་ཕྲག་གསུམ་ཕྱིན་པའི་རིང་། ས་གནས་ཀྱི་མི་སེར་འབུམ་བརྒྱད་ལྷག་ཡུལ་བྱོལ་དུ་ཕྱིན་ཡོད་འདུག
སྔ་ལོའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཤིང་། མི་གྲངས་༡༢༠༠ བསད་པ་མ་ཟད། མི་གྲངས་༢༤༠ འཛིན་བཟུང་གིས་གཏའ་མི་ལ་བཙན་ཁྲིད་བྱས་ཡོད་འདུག དུས་དེ་ནས་བཟུང་ཨི་སི་རེལ་གྱིས་གྷ་རྫའི་ཁུལ་དུ་གནམ་ས་གཉིས་ནས་གཏོར་རྒོལ་ཚད་མེད་བྱས་པར་བརྟེན། ད་བར་གྷ་རྫ་ཁུལ་གྱི་མི་སེར་༣༦༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་ཁབ་མང་པོའི་མཐོ་རིམ་སློབ་མ་ཚོས་གཏོར་རྒོལ་དང་དམག་འཁྲུག་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་། ཕྱོགས་གཉིས་ཀྱི་བར་དམག་འཁྲུག་སྔར་བཞིན་རྒྱག་བཞིན་པ་མ་ཟད་གྷ་རྫའི་ས་ཁུལ་དུ་བསད་རྨས་ཀྱི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།