ཨི་སི་རེལ་གྱིས་ཨི་རན་ལ་འཁོན་ལན་བསླགས་ན་ཨི་རན་གྱིས་སྔར་ལས་ལྷག་པའི་ལན་ཞིག་སློག་རྒྱུ་ཟེར།

ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གྱིས་ཨི་སི་རེལ་ལ་ཌོ་རོན་དང་སྒྱོགས་མདའ་སུམ་བརྒྱ་ལྷག་འཕངས་ཀྱང་། ཨི་སི་རེལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཨ་རི་དང་ཧྥ་རན་སི། དེ་བཞིན་དབྱིན་ཇི་བཅས་ཀྱི་མཉམ་རུབ་ཐོག་ཌོ་རོན་སོགས་འཕུར་མདའ་ཡི་བརྒྱ་ཆ་༩༩% ་མཁའ་དབྱིངས་སུ་གཏོར་ནས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡ ་ཉིན་ཨི་སི་རེེལ་གྱིས་སི་རི་ཡའི་རྒྱལ་ས་རྡ་མ་སི་ཁོར་(Damascus) ་ཡོད་པའི་ཨི་རན་གྱི་གཞུང་ཚབ་ཁང་ལ་གཏོར་རྒོལ་བྱས་ནས་ཨི་རན་གྱི་དམག་སྤྱི་གཉིས་དང་མི་གྲངས་༡༡ ཙམ་བསད་ཡོད་པར་བརྟེན། ཨི་རན་གྱིས་དེར་དགྲ་ཤ་ལེན་རྒྱུའི་དམ་བཅའ་བཞག་པ་བཞིན། ཟླ་འདིའི་ཚེས་༡༤་ཉིན་གྱི་ཞོགས་པ། ཨི་རན་གྱིས་དེ་སྔ་བྱུང་མ་མྱོང་བའི་ཌོ་རོན་དང་འཕུར་མདའ་སོགས་གྲངས་སུམ་བརྒྱ་ལྷག་ཨི་སི་རེལ་གྱི་ཕྱོགས་སུ་འཕངས་ཡོད་འདུག

ཨི་སི་རེལ་གྱི་དམག་གིས་བརྗོད་གསལ་ལྟར་ན། ཟླ་འདིའི་ཚེས་༡༤ ་ཉིན་ཨི་རན་གྱིས་ཨི་སི་རེལ་ཕྱོགས་སུ་ཌོ་རོན་༡༧༠ ་དང་སྒྱོགས་མདའ་༡༢༠ ། དེ་བཞིན་ཁུ་རུ་སི་(Cruise) ་འཕུར་མདའ་༣༠ ་བཅས་ཁྱོན་འཕུར་མདའ་༣༢༠ ་འཕངས་ཡོད་འདུག ཨི་རན་དང་ཨི་སི་རེལ་གཉིས་འགལ་ཟླ་བྱས་ནས་ལོ་མང་གནས་ཡོད་ཀྱང་ཨི་རན་གྱིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

ཨི་རན་གྱིས་དེ་སྔ་བྱུང་མ་མྱོང་བའི་གཏོར་རྒོལ་བྱས་ཡོད་ཀྱང་ཨི་སི་རེལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཨ་རི་དང་ཧྥ་རན་སི། དབྱིན་ཇི་བཅས་ཀྱིས་མཉམ་རུབ་ཐོག་ཌོ་རོན་སོགས་ཀྱི་བརྒྱ་ཆ་༩༩% ་ས་ཐོག་མ་བབས་སྔོན་མཁའ་དབྱིངས་སུ་གཏོར་ནས་བཀག་འགོག་བྱས་ཡོད་འདུག

ཨི་རན་གྱིས་སི་རི་ཡ་དང་ཡེ་མན་ཨི་རག་བཅས་ནས་འཕུར་མདའ་འཕངས་ཡོད་པ་དང་ཨ་རི་དང་ཨི་སི་རེལ། དབྱིན་ཇི་དང་ཧྥ་རན་སི། ཧོར་ཌན་བཅས་ཀྱིས་བཀག་ཡོད་པ་བཅས་གཏོར་རྒོལ་དེའི་ཁྲོད་རྒྱལ་ཁབ་དགུ་མཉམ་ཞུགས་བྱས་ཡོད་འདུག

པར། བྷི་བྷི་སི།

ཐེངས་འདིའི་ཨི་རན་གྱི་གཏོར་རྒོལ་ལ་ཧྥ་རན་སི་དང་འཇར་མན། ཡུ་རོབ་མཐུན་ཚོགས་དང་ཉི་ཧོང་སོགས་ཀྱིས་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། དབྱིན་ཇིའི་སྲིད་བློན་གྱིས་ཐོག་མ་ཉིད་ནས་ཨི་སི་རེལ་ལ་རྒྱབ་སྐྱོར་ཡོད་ཅེས་བཤད་འདུག ཨི་སི་རེལ་གྱིས་ཨི་རན་གྱི་གཏོར་རྒོལ་ལ་འཁོར་ལན་སློག་རྒྱུ་ཡིན་ཞེས་བརྗོད་པ་དང་། ཨི་རན་གྱིས་གལ་སྲིད་ཨི་སི་རེལ་གྱིས་འཁོན་ལན་བསླགས་པ་ཡིན་ན། ཨི་རན་གྱིས་སྔར་ལས་ལྷག་པའི་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད་འདུག ཨ་རིའི་ཕོ་བྲང་དཀར་པོས་ཨི་སི་རེལ་གྱིས་ཨི་རན་ལ་འཁོན་ལན་བསླགས་ན་ཨ་རི་དེའི་ནང་མཉམ་ཞུགས་བྱེད་རྒྱུ་མིན་ཞེས་བརྗོད་འདུག

ཨི་རན་ལ་མི་འབོར་ས་ཡ་༨༨ ལྷག་ཡོད་པ་དང་ཨི་སི་རེལ་ལ་མི་འབོར་ས་ཡ་༡༠ ་ཙམ་ལས་མེད་པ་མ་ཟད། ཨི་རན་ལ་དམག་མི་འབུམ་ལྔ་དང་ཁྲི་བརྒྱད་ལྷག་ཡོད་པས་ཨེ་ཤེ་ཡའི་ནུབ་ཁུལ་གྱི་དམག་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། ཨི་སི་རེལ་ལ་དམག་མི་འབུམ་གཅིག་དང་ཁྲི་བདུན་ཙམ་ལས་མེད་པ་བཅས་གྲངས་འབོར་གྱི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་བར་ཁྱད་པར་ཆེན་མོ་ཡོད་འདུག ཡིན་ན་ཡང་། དཔལ་འབྱོར་གྱི་སྟོབས་ཤུགས་ཨི་སི་རེལ་ཆེ་བ་མ་ཟད། ལོ་གཅིག་གི་དམག་གི་འགྲོ་སོང་ནི་ཨ་སྒོར་ཐེར་འབུམ་$༢༤.༤ ཟིན་ཞིང་། ཨི་རན་གྱི་དམག་གི་འགྲོ་གྲོན་ནི་ཐེར་འབུམ་$༡༠ ་ལས་ཟིན་གྱི་མེད་པ་དང་། ལྷག་པར་དུ་ཨ་རིས་ལོ་རྟག་པར་ཨི་སི་རེལ་ལ་གོ་མཚོན་མཁོ་སྤྲོད་བྱེད་པ་དང་། ཨི་སི་རེལ་གྱི་དམག་མི་རྣམས་དམག་སྦྱོང་ལེགས་པོ་ཐོབ་ཡོད་པ་བཅས་ཨེ་ཤེ་ཡའི་ནུབ་ཁུལ་གྱི་དམག་སྟོབས་ཆེ་ཤོས་སུ་གྱུར་ཡོད་འདུག གལ་སྲིད་ཕྱོགས་གཉིས་ཀྱི་བར་དམག་འཁྲུག་མུ་མཐུད་ལངས་ཚེ། རྒྱལ་ཕམ་སུ་ལ་འབྱུང་རྒྱུར་བཤད་དཀའ་ཡང་ཕྱོགས་གཉིས་ཀྱི་མི་སེར་ས་ཡ་མང་པོར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||