ཨུ་ཡུ་གཉིས་ཀྱི་དམག་འཁྲུག་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཟ་འབྲུའི་དཀའ་ངལ་སྤྲད།
ཨུ་རུ་སུ་དང་ཡུ་ཀེ་རེན་བར་ལ་དམག་འཐབ་བྱས་ནས་ད་བར་ཉིན་གྲངས་༡༠༠ ལྷག་འགྲོ་བཞིན་ཡོད་པའི་སྐབས་དེར། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་མང་པོ་ཞིག་ལ་ཟ་འབྲུ་དང་ས་ཞིང་གི་ལུད་ནང་འདྲེན་བྱེད་རྒྱུའི་དཀའ་ངལ་འཕར་མ་ཞིག་ཕྲད་བཞིན་ཡོད་འདུག
ཨ་ཧྥེ་རི་ཁའི་མཉམ་འབྲེལ་སྤྱི་ཁྱབ་མེག་ཀེ་སོ་(Macky Sall) ཡིས་བརྗོད་དོན་ལ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་བྱེད་པའི་སྐབས། ཁོང་ལ་ཨ་ཧྥེ་རིའི་ཁའི་རྒྱལ་ཁབ་ཁག་གི་ཟ་འབྲུའི་ཐོག་དཀའ་ངལ་འཕྲད་བཞིན་པ་དེར་རོགས་རམ་གནང་རྒྱུའི་རེ་སྐུལ་ཞུས་པ་བཞིན། ཨུ་རུ་སུའི་ངོས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཟ་འབྲུ་དང་། ལུད་ཕྱིར་ཚོང་བྱེད་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་ཀྱང་། དུས་ཚོད་ནམ་ཡིན་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་སྐོར་གསུངས་ཡོད་འདུག
དེ་ཡང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཟ་འབྲུ་དང་ལུད་ནང་འདྲེན་བྱེད་ཡུལ་གྱི་རྒྱལ་ཁབ་གཙོ་བོ་གཉིས་ནི་ཨུ་རུ་སུ་དང་ཡུ་ཀེ་རེན་གཉིས་ཡིན་པ་མ་ཟད། དུས་རྒྱུན་བེད་སྤྱོད་བྱེད་ཡུལ་གྱི་ཟ་འབྲུ་བརྒྱ་ཆ་༤༠ ལྷག་ཨུ་ཡུ་གཉིས་ནས་ནང་འདྲེན་བྱེད་བཞིན་ཡོད་ཀྱང་། བར་ལམ་ཨུ་ཡུ་གཉིས་ཀྱི་དམག་འཁྲུག་རྐྱེན་གྱིས་མཚོ་ནག་ཏུ་ཡོད་པའི་ཡུ་ཀེ་རེན་གྱི་གྲུ་ཁའི་འགག་སྒོ་ཁག་ནས་ཕྱིར་འདྲེན་བྱེད་བཞིན་པའི་དངོས་རྫས་ཁག་ཨུ་རུ་སུའི་ངོས་ནས་བཀག་སྡོམ་བྱས་པའི་དབང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཟ་འབྲུ་མ་འདང་བ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་འཚེ་ཆེན་པོ་ཕོག་བཞིན་ཡོད་ཀྱང་། གནད་དོན་དེར་ཨུ་རུ་སུས་ཁས་ལེན་བྱས་མེད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ཨ་མེར་(Amin Awad) གྱིས་བརྗོད་དོན་ལ། གྲུ་ཁའི་འགག་སྒོ་ཁག་སྒོ་ཕྱེ་རྒྱུའི་ཐད་ལམ་ལྷོང་མ་བྱུང་ཚེ། མུ་གེ་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་དང་། དེ་བཞིན་ཟ་འབྲུ་མ་འདང་བའི་རྐྱེན་གྱིས་མི་འབོར་ཐེར་འབུམ་༡.༤ འཚོ་སྡོད་ཀྱི་དཀའ་ངལ་འོག་ས་གནས་གཞན་དུ་གནས་སྤོས་བྱེད་དགོས་སྲིད་སྐོར་བརྗོད་ཡོད་འདུག
དེ་ཡང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་སྤྱི་ཁྱབ་དང་སེ་ཎི་གྷལ་གྱི་སྲིད་འཛིན་སྐུ་ཞབས་མེག་ཀེ་སོ་(Macky Sall) ཡིས་བརྗོད་དོན་ལ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་ང་ཚོའི་རྒྱལ་ཁབ་ཁག་གི་དཀའ་ངལ་ཤེས་རྟོགས་ཡོད་པ་མ་ཟད། ད་རེས་ཀྱི་དམག་འཁྲུག་དེའི་རྐྱེན་པས་དཔལ་འབྱོར་གནོད་འཚེ་ཕོག་ཡུལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཡིན་པ་དང་། དེ་བཞིན་ཁོང་གི་ཨེ་ཤེ་ཡ་རྒྱལ་ཁབ་ཀྱི་ངོ་ཚབ་བྱས་ནས་དབུས་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་ལེ་ཊིན་ཨ་མེ་རི་ཀ་སོགས་ལ་རོགས་སྐྱོར་ཡོང་རྒྱུའི་ཞུ་འབོད་གནང་ཡོད་སྐོར་བརྗོད་འདུག
དེ་ཡང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་བརྗོད་དོན་ལ། ཨུ་རུ་སུའི་ངོས་ནས་ཡུ་ཀེ་རེན་གྱི་ཟ་འབྲུ་རིགས་ (Azov) དང་(Black seas) གྲུ་ཁའི་འགག་སྒོ་བརྒྱུད་ནས་ཕྱིར་འདྲེན་བྱེད་རྒྱུའི་གྲ་སྒྲིག་ཡོད་ལུགས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རོ་སི་(Belarus) དང་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་ཉེས་ཆད་བཀལ་བ་རྣམས་ཕྱིར་བསྡུ་བྱས་ཚེ། བཟའ་འབྲུའི་རིགས་ཕྱིར་ཚོང་བྱེད་རྒྱུ་ཡིིན་སྐོར་བརྗོད་ཡོད་འདུག
དེ་བཞིན་ཉམས་ཞིབ་པ་ཁ་ཅིག་གིས་བརྗོད་དོན་ལ། ཨུ་རུ་སུའི་མགྲིན་ཚབ་པ་ཁོན་མེ་རེན་(Kremlin) གྱིས་རེ་བ་བྱེད་བཞིན་པ་ནི་ཟ་བཅའི་དཀའ་ངལ་གྱི་རྐྱེན་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཕར་མ་སྤྲོད་རྒྱུ་དེ་ཡིན་པ་དང་། དེ་ལྟར་བྱུང་ཚེ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དབུས་ཤར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྐྱབས་བཅོལ་བར་དཀའ་ངལ་འཕར་མ་ཞིག་མི་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
དེ་ཡང་ཨུ་རུ་སུ་དང་ཡུ་ཀེ་རེན་རྒྱལ་ཁབ་གཉིས་ནི་འཛམ་གླིང་ནང་གྲོ་དང་འབྲུ་རིགས་ཐོན་སྐྱེད་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་རྒྱལ་ཁབ་དེ་གཉིས་ཀྱི་ཐོན་སྐྱེད་ལ་བརྟེན་ནས་འཚོ་རྟེན་བྱེད་བཞིན་ཡོད། འོན་ཀྱང་པུ་ཊིན་གྱི་དམག་འཁྲུག་རྐྱེན་གྱིས་ཟ་བཅའི་རིན་གོང་འཕར་བ་དང་། ད་ལྟ་རྒྱལ་ཁབ་མང་པོ་ཞིག་ནང་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག
གསར་འགོད་པ། ཆོས་གྲགས།
