ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ཁྲོད་དཔའ་སྟོབས་ཆེ་བའི་ཡུག་རེན་གྱི་བུད་མེད།

འཛམ་གླིང་དམག་ཆེན་གཉིས་པ་དང་། ཝེཏ་ནམ་དམག་འཁྲུག་སྐབས་སུ་བུད་མེད་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད་པར་བརྟེན་བུད་མེད་ཀྱི་དཔའ་སྟོབས་ལ་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་བཞིན། ད་ཆར་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་སྐབས་སུ་ཡང་ཡུག་རེན་གྱི་བུད་མེད་རྣམས་ཀྱིས་དཔའ་ངར་ཆེན་པོའི་ཐོག་ནས་ཨུ་རུ་སུའི་བཙན་འཛུལ་འགོག་ཆེད། མདུན་སྐྱོད་རུ་ཁག་གི་དམག་མིའི་ནང་འཛུལ་ཞུགས་བྱེད་མཁན་ཡུག་རེན་བུད་མེད་མང་དུ་འགྲོ་བཞིན་ཡོད་འདུག 

ཕྱི་ཚེས་༡  ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་ནས་ད་ཆར་ལོ་གཅིག་དང་ཟླ་བ་ལྔ་ཙམ་འགྲོ་བཞིན་པའི་སྐབས་སུ། ཕྱོགས་གཉིས་ཀའི་དམག་མི་ཤི་རྨས་དུ་མ་འབྱུང་བཞིན་ཡོད་པ་ནི་བརྗོད་མ་དགོས་པ་རེད། ཨུ་རུ་སུ་ལྟ་བུར་མཚོན་ན་དམག་མི་མང་པོ་ཞིག་འདོད་མོས་མེད་པའི་ཐོག་ནས་དམག་སར་བཙན་གྱིས་འགྲོ་དགོས་འབྱུང་བཞིན་ཡོད་པ་དང་། དམག་མི་མང་པོ་ཞིག་ནི་དམག་སྦྱོང་མེད་པ་མ་ཟད། གོ་མཚོན་སོགས་དམག་མི་ལ་དགོས་པའི་ཡོ་ཆས་མེད་པའི་དབང་གིས་ཤི་རྨས་གྲངས་ལས་འདས་པ་འབྱུང་བཞིན་ཡོད་འདུག ཡུག་རེན་ལ་མཚོན་ན་དམག་མི་རྣམས་ལ་དམག་སྦྱོང་ཡོད་དང་མེད། དམག་སར་འགྲོ་འདོད་དང་མི་འདོད་སོགས་ཀྱི་འདམ་ག་གང་ཡང་མེད་པར་ཕོ་ཟད་མོ་ལ་ཐུག་ཀྱང་རང་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པར་བརྟེན། ཐོག་མར་ཨུ་རུ་སུས་ཡུག་རེན་ལ་ཉིན་གྲངས་གསུམ་ནང་བཙན་འཛུལ་བྱེད་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་། ད་ཆར་ལོ་གཅིག་དང་ཟླ་བ་ལྔ་ལྷག་འགྲོ་བཞིན་ཡོད་པ་དང་། ཡུག་རེན་གྱི་ས་ཁུལ་ཆུང་གྲས་འགའ་ཤས་ལས་བཙན་འཛུལ་བྱེད་ཐུབ་མེད་པ་ནི་ཡུག་རེན་མི་རིགས་ཀྱི་དཔའ་སྟོབས་འཛམ་གླིང་ལ་ངོམ་པ་རེད།

བྱེ་བྲག་ཏུ་ད་ཆར་ཡུག་རེན་གྱི་བུད་མེད་མང་པོ་ཞིག་དམག་སར་ཕྱིན་ནས་ཨུ་རུ་སུའི་བཙན་འཛུལ་བ་འགོག་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག ཡུག་རེན་གྱི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་ནས་ཟླ་བ་༡༨ འདས་པའི་མཚམས་སུ་ཡུག་རེན་གྱི་བུད་མེད་ཁྱོན་༦༠༠༠༠ དམག་སར་དཔུང་རོགས་སླེབས་ཡོད་པ་དང་། དེའི་ཁྲོད་ནས་བུད་མེད་༤༢༠༠༠ དམག་མི་རང་གི་ནང་འཛུལ་ཞུགས་བྱས་ནས་དམག་འཐབ་བྱེད་བཞིན་ཡོད་འདུག བུད་མེད་༥༠༠༠ ཨུ་རུ་སུའི་བཙན་འཛུལ་བ་འགོག་ཐབས་ཆེད་དུ་མདུན་སྐྱོད་རུ་ཁག་ནང་འཛུལ་ཡོད་པ་དང་། དམག་སའི་ཁྲོད་ལས་དོན་འགའ་ཤས་ཐོག་སྐྱེས་པ་ལས་བུད་མེད་རྣམས་ངར་བ་ཡོད་པ་སྦི་སྦི་སི་གསར་ཁང་ལ་བརྗོད་འདུག (Evgeniya Emerald)ཟེར་བའི་བུད་མེད་དེ་ལ་མཚོན་ན་མོ་རང་ལོ་༣༡ ཡིན་པ་དང་ཕྲུག་གུ་གཅིག་གི་ཨ་མ་ཡང་ཡིན་འདུག དུས་རྒྱུན་དུ་རྒྱན་ཆའི་རིགས་འཚོང་མཁན་གྱི་ཚོང་པ་ཞིག་ཡིན་འདུག་ལ། ཡུག་རེན་གྱི་ས་ཆ་ཁེར་མེ་ཡ་ཨུ་རུ་སུས་ཕྱི་ལོ་༢༠༡༤ ནང་བཙན་བཟུང་བྱེད་དུས་མོས་དམག་སྦྱོང་བྱས་མྱོང་ཡོད་འདུག་ཀྱང་། དམག་ས་རང་ལ་ལོ་སྔོན་མར་བཞུགས་ཡོད་འདུག ད་ཆར་མོ་ཡུག་རེན་གྱི་མདུན་སྐྱོད་རུ་ཁག་ནང་ཡོད་པ་དང་། མོས་སྤྱི་ཚོགས་དྲ་ལམ་བདེ་སྤྱོད་བྱས་ནས་ཡུག་རེན་གྱི་བུད་མེད་མང་པོ་དམག་སྡེའི་ཁོངས་སུ་འཛུལ་རྒྱུ་ལ་སེམས་ཤུགས་སྤར་བའི་རྐྱེན་གྱིས། མོ་ལ་བལྟས་ནས་འཛུལ་ཞུགས་བྱེད་མཁན་བུད་མེད་དམག་མི་མང་པོ་འབྱུང་བཞིན་ཡོད་འདུག མ་ཟད་མོ་ལ་དམག་སྡེའི་བཀོད་འདོམས་པའི་མེ་མདའ་སྐད་གྲགས་ཅན་སི་ནི་པར་( Sniper)ཟེར་བ་དེ་སྤྲད་ནས་ཨུ་རུ་སུའི་དམག་མིར་འགོག་རྒོལ་བྱེད་འཇུག་གི་ཡོད་འདུག དམག་སྡེའི་བཀོད་འདོམས་པ་ཞིག་གིས་བརྗོད་དོན་ལ་དམག་སའི་ཁྲོད་བུད་མེད་ཀྱིས་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་ཡོད་པར་བརྗོད་འདུག་ལ། བྱེ་བྲག་ཏུ་མེ་མདའ་བཀོལ་སྤྱོད་བྱེད་དུས་བུད་མེད་རྣམས་བློ་རྩ་བརྟན་པོ་དང་། ཐེ་ཚོམ་མེད་པའི་ཐོག་ནས་ཕར་རྒོལ་བྱེད་ཐུབ་པའི་རྐྱེན་གྱིས་ལས་སླ་བོའི་ཐོག་ནས་དགྲ་བོ་ཕམ་ཉེས་གཏོང་ཐུབ་ཀྱི་ཡོད་པར་བརྗོད་འདུག སྤྱིར་བཏང་ཡུ་རོབ་གླིང་ཆེན་ནང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། བུད་མེད་རྣམས་ཀྱིས་མེ་མདའ་སི་ནི་པར་ཟེར་བ་དེ་བཀོལ་སྤྱོད་བྱས་ནས་བྱས་རྗེས་ཆེན་པོ་བཞག་མྱོང་ཡོད་པར་ཡང་བརྗོད་འདུག

ད་ཆར་ཡུག་རེན་གྱི་དམག་མིའི་ཁྲོད་བརྒྱ་ཆ་༡༥ བུད་མེད་ཡིན་པ་དང་། ཕྱི་ལོ་༢༠༡༤ ལོ་ནས་བུད་མེད་དམག་མིའི་ཁོངས་འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་ཡོད་འདུག དེ་བཞིན་ཡུག་རེན་གྱི་དམག་མིའི་ཁྲོད་བུད་མེད་མང་པོ་འཛུལ་ཞུགས་བྱེད་མཁན་ཡོད་ཀྱང་། དེ་སྔོན་སྐྱེས་པ་ལས་བུད་མེད་མེད་པར་བརྟེན། ད་ཆར་དམག་མིའི་སྒྲིག་ཆས་ལྷམ་དང་། མེ་མདའ་འགོག་ཆེད་ཀྱི་ཁྲབ། གྱོན་ཆས་སོགས་མེད་པས་བུད་མེད་རང་ངོས་ནས་ཐབས་ཤེས་གཏོང་དགོས་པའི་རྐྱེན་གྱིས་བུད་མེད་མང་པོ་ཞིག་གིས་ཐོབ་ཐང་འདྲ་མཉམ་དགོས་ཞེས་རྩོད་ལེན་བྱེད་མཁན་ཡང་ཡོད་འདུག འོན་ཀྱང་། བུད་མེད་རྣམས་ལ་སྲུང་སྐྱོབ་ཆེད་བྱང་ཆིངས་སྒྲིག་འཛུགས་དང་། གཞན་རོགས་ཚོགས་ཁག་གིས་དམག་ཆས་ཆ་ཚང་སྦྱིན་བདག་བྱེད་ཀྱི་ཡོད་འདུག ཉེ་ཆར་ཡུག་རེན་གྱིས་ཨུ་རུ་སུའི་དམག་དཔུང་ལ་ཕར་རྒོལ་ཞིག་འགོ་བཙུགས་ཟིན་པར་བརྟེན། ཡུག་རེན་གྱི་བུད་མེད་མང་པོ་ཞིག་གིས་རང་གི་ཁྱིམ་དང་བུ་ཕྲུག་རྒྱབ་ཏུ་བཞག་ནས་དམག་འཐབ་བྱེད་བཞིན་པ་མང་པོ་ཡོད་འདུག་ལ། བུད་མེད་མང་པོ་ཞིག་ནི་མེ་མདའ་གྲགས་ཅན་སི་ནི་པར་ཟེར་བ་དེ་བཀོལ་སྤྱོད་བྱེད་མཁན་གྱི་མདུན་སྐྱོད་རུ་ཁག་ནང་དུ་ཡོད་འདུག ཨན་དྷི་རན་(Andriana) ཟེར་བའི་བུད་མེད་ལོ་༣༥ ཅན་ཞིག་གིས་བརྗོད་དོན་ལ། ཁོང་མོ་ལ་སློབ་ཆུང་འགྲིམ་བཞིན་པའི་བུ་ཆུང་ཆུང་ཞིག་ཡོད་པ་དང་། བུ་དེ་མ་ཐུག་ནས་ཟླ་བ་བདུན་ཕྱིན་སོང་། བུའི་འདྲ་པར་ངའི་ཁ་པར་ནང་ཉར་ཡོད་ཅེས་བརྗོད་འདུག ཁོང་མོ་ལ་ཡུག་རེན་གཞུང་གིས་མི་མང་གི་དཔའ་བོ་ཞེས་པའི་གཟེངས་རྟགས་ཤིག་ཀྱང་གནང་ཡོད་འདུག མདོར་ན། ད་ཆར་དམག་འཁྲུག་ཁྲོད་ཡུག་རེན་གྱི་བུད་མེད་རྣམས་ཀྱིས་དམག་སར་ཡོད་པའི་རྨས་མ་རྣམས་མྱུར་སྐྱོབ་བྱེད་རྒྱུ་དང་། གོ་མཚོན་དབོར་འདྲེན། དྲྭ་ཐོག་ནས་ཞལ་འདེབས་བསྡུ་རུབ། གྱོན་ཆས་སོགས་དམག་མི་ལ་མཁོ་བའི་ཡོ་ཆས་བཟོ་སྐྲུན། དེ་བཞིན་དམག་ས་རང་དུ་འཐབ་འཛིང་བྱེད་རྒྱུ་སོགས་ཀྱི་ལས་དོན་སྣ་མང་ཐོག་ནུས་པ་ཆེན་པོ་ཐོན་བཞིན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།