ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་བར་ཐུག་འཕྲད་ཐེངས་༤༠ ཙམ་བྱས་འདུག
འདས་པའི་ལོ་ངོ་བཅུའི་རིང་རྒྱ་ནག་དང་ཨུ་རུ་སུའི་བར་འབྲེལ་བ་ཇེ་ཡག་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཁ་ཤས་ཀྱི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིིང་དང་ཨུ་རུ་སུའི་ སྲིད་འཛིན་པུ་ཊིན་བར་ཐུག་འཕྲད་ཐེངས་བཞི་བཅུ་ཙམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་༢༠༡༣ ལོ་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས། ཨུ་རུ་སུ་ནི་ཁོང་གིས་ཕྱི་རྒྱལ་དུ་འཚམས་འདྲི་ཕེབས་སའི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག། སྐབས་དེ་ཁོང་གིས་ཨུ་རུ་སུའི་སྲིད་འཛིན་ལ་རྒྱལ་ཁབ་གཉིས་ཀྱི་བར་མཐུན་པའི་ཆ་ལྡན་པ་དང་དུས་རྟག་ཏུ་གུ་ཡངས་ཀྱི་ཐོག་འབྲེལ་བ་བྱེད་དགོས་པའི་སྐོར་བརྗོད་ཡོད། ཨུ་རུ་སུའི་སྲིད་འཛིན་གྱིས་ཀྱང་རྒྱལ་ཁབ་གཉིས་པོ་ནི་མ་བསྒྲིགས་རང་འགྲིགས་ཀྱི་ཤོག་ཁ་དང་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཡིན་པའི་བཀའ་མོལ་གནང་ཡོད་འདུག
ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་(Crimea) ཞེས་པའི་ཡུག་རེན་གྱི་ས་ཆ་ལ་དབང་བསྒྱུར་བྱས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་ཐོག་ཨུ་རུ་སུ་ལ་སྐྱོན་བརྗོད་དང་དཔལ་འབྱོར་གྱི་ཆད་པ་དུ་མ་ཞིག་བཅད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུག་རེན་གྱི་བདག་དབང་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཆོད་བཏོན་པ་སོགས་བྱས་ཀྱང་། སྐབས་དེར་རྒྱ་ནག་གཞུང་གིས་ཨུ་རུ་སུའི་དཀའ་ངལ་ལ་བསམ་གཞིག་ཐུབ་ཀྱི་ཡོད་རབས་བརྗོད་ནས་ཨུ་རུ་སུ་ལ་རྒྱབ་སྐྱོབ་བྱས་ཡོད་འདུག

ཕྱི་ལོ་༢༠༡༥ ལོར་རྒྱལ་ཁབ་གཉིས་ཀྱི་བར་མཚོན་ཆ་ཕྱིར་འཚོང་བྱེད་རྒྱུ་ཁས་ལེན་བྱས་པ་དང་། ཕན་ཚུན་བཙན་འཛུལ་མི་བྱེད་པའི་གན་རྒྱ་ཞིག་ཀྱང་བཞག་ཡོད་འདུག་ལ། གན་རྒྱ་དེའི་ནང་དུ་ཕན་ཚུན་དྲྭ་རྒྱའི་ཐོག་འཇབ་རྒོལ་མི་བྱེད་པའི་གནད་དོན་སོགས་ཚུལ་ཡོད་འདུག ལོ་དེའི་ཕྱི་ཟླ་༡༡ པའི་ནང་སྲིད་འཛིན་ཞི་ཅིང་ཕིང་དང་པུ་ཊིན་གཉིས་ཧྥ་རན་སི་ལ་ཐུག་འཕྲད་བྱས་ཡོད་འདུག
ཕྱི་ལོ་༢༠༡༩ ལོ་ཞི་ཅིང་ཕིང་ཨུ་རུ་སུ་ལ་ཕྱིན་ཡོད་པ་དང་། སྐབས་དེ་ཁོང་ཉིད་ཨུ་རུ་སུའི་སྲིད་འཛིན་གྱི་ཕ་ཡུལ་དུ་ཕྱིན་ཞིང་། སྲིད་འཛིན་པུ་ཊིན་གྱིས་ཁོང་ལ་(St Petersburg) གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་ཕྱག་འཁྱེར་ཕུལ་ཡོད་འདུག་ལ། སྲིད་འཛིན་ཞི་ཅིང་ཕིང་གིས་ཀྱང་ཁོང་ལ་རྒྱ་ནག་གི་(Tsinghua) གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་ཕྱག་འཁྱེར་ཕུལ་ཞིང་། ཁོང་གིས་སྲིད་འཛིན་པུ་ཊིན་ནི་ཕྱི་ཕྱོགས་སུ་ཡོད་པའི་ཁོང་གིས་འབྲེལ་བ་ཟབ་མོ་བྱ་སའི་ལས་རོགས་ཤིག་ཡིན་པ་མ་ཟད། གྲོགས་པོ་ཡག་ཤོས་ཤིག་ཡིན་པས་ཁོང་གིས་གྲོགས་པོའི་འབྲེལ་བ་ལ་རིན་ཐང་ཆེན་མོ་སྤྲད་ཀྱི་ཡོད་རབས་བརྗོད་འདུག
ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་ཏུ་ཨོ་ལོམ་ཕིག་ལུས་རྩལ་འགྲན་ཚོགས་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་སྲིད་འཛིན་ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ཕེབས་རྗེས། སྲིད་འཛིན་ཞི་ཅིང་ཕིང་དང་ཟུར་དུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་བར་གྱི་འབྲེལ་བ་ལ་མཐའ་མཚམས་མེད་པའི་གསལ་བསྒྲགས་སྤེལ་ཡོད་ལ། དེ་ནས་བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ཡོད། གནས་ཚུལ་དབྱེ་ཞིབ་པ་ཚོས་ཞི་ཅིང་ཕིང་གིས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པ་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད་པ་དང་། ཁོང་གིས་ཨུ་རུ་སུ་ལ་ལུས་རྩལ་གྱི་འགྲན་ཚོགས་མ་ཚར་བར་དམག་འཁྲུག་མི་བརྒྱབ་པའི་རེ་བ་བཏོན་ཡོད་རབས་བརྗོད་ཡོད། ཡིན་ན་ཡང་རྒྱ་ནག་གིས་གང་ཡང་ཤེས་རྟོགས་བྱུང་མེད་རབས་ཀྱིས་ཁས་ལེན་བྱས་མེད་པ་རེད་འདུག
ཕྱི་ཟླ་༣ པའི་ནང་རྒྱ་ནག་གཞུང་གིས་ཨུ་རུ་སུས་ཡུག་རེན་བཙན་འཛུལ་བྱས་པ་དེར་ཉེས་འཛུགས་བྱས་མེད་པ་དང་། དུས་དེ་ནས་རྒྱ་ནག་ནི་བར་གནས་ཀྱི་ཞི་བདེ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་ཚུལ་བརྗོད་ཡོད། ཟླ་བ་དེ་རང་ལ་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་རྒྱ་ནག་དང་ཨུ་རུ་སུའི་བར་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ལྷག་པར་དུ་དམག་འཁྲུག་དང་འབྲེལ་བའི་ཐོག་རྒྱ་ནག་གཞུང་གིས་ཨུ་རུ་སུས་གང་བཤད་ཐམས་ཅད་རྒྱ་ནག་ཏུ་དྲིལ་བསྒྲགས་བྱས་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག
ཕྱི་ཟླ་༤ པའི་ནང་ཨ་རི་ཡིས་རྒྱ་ནག་གཞུང་གིས་གནོན་ཤུགས་བེད་སྤྱོད་བཏང་ནས་ཨུ་རུ་སུས་ཡུག་རེན་བཙན་འཛུལ་བྱེད་བཞིན་པ་དེ་ཉིད་མཚམས་འཇོག་དགོས་པའི་ཐོག་རེ་སྐུལ་ཞུས་ཀྱང་། རྒྱ་ནག་གཞུང་གིས་ཨུ་རུ་སུ་ལ་གནོན་ཤུགས་སྤྲད་རྒྱུ་ཕར་ཞོག་ཨ་རི་གཙོས་པའི་ནུབ་ཕྱོགས་པ་ཚོ་ལ་སྐྱོན་བརྗོད་བྱས་ཡོད་འདུག
ལོ་དེའི་ཕྱི་ཟླ་༦ པ་དང་དེ་བཞིན་ཕྱི་ཟླ་༨ པའི་ནང་རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་བར་ཐུག་འཕྲད་བྱས་ནས་གནད་དོན་མང་པོའི་ཐོག་བཀའ་མོལ་གནང་ཡོད། ཕྱི་ཟླ་༡༠ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུས་ཡུག་རེན་གྱི་ས་ཆ་ལ་དབང་བསྒྱུར་བྱེད་བཞིན་པ་དེ་ལ་ཉེས་འཛུགས་ཀྱི་གྲོས་གཞི་བཏོན་རུང་། ཨུ་རུ་སུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན་ཞིང་ཁོང་ཚོ་ལ་དགག་བྱའི་དབང་ཚད་ཡོད་པར་བརྟེན། གྲོས་འཆར་དེ་གཏན་འབེབས་བྱས་ཐུབ་མེད། སྐབས་དེ་རྒྱ་གཞུང་གིས་ཨུ་རུ་སུ་ལ་རྒྱབ་སྐྱོབ་བྱས་མེད་ཀྱང་། བར་ཞུགས་བྱས་ནས་བསྡད་ཡོད།
ལོ་འདིའི་ཕྱི་ཟླ་༢ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུའི་དམག་དཔུང་དག་ཡུག་རེན་གྱི་ས་ཐོག་ནས་ཕྱིར་འཐེན་དགོས་པའི་གྲོས་འཆར་བཏོན་རུང་། སྐབས་དེ་རྒྱ་ནག་གིས་འོས་མ་བླུག་པ་བར་བཞུགས་བྱས་ནས་བསྡད་ཡོད།
ཟླ་བ་དེ་རང་ལ་རྒྱ་ནག་གཞུང་གིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པ་དང་ནུབ་ཕྱོགས་པ་ཚོས་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་མཚམས་འཇོག་བྱེད་དགོས་པ། རྒྱལ་ཁབ་ཚང་མའི་བདག་དབང་ལ་གུས་བཀུར་དགོས་པ་སོགས་དམག་འཁྲུག་མཚམས་འཇོག་དགོས་པའི་ཞི་བའི་དོན་ཚན་༡༢ ཅན་ཞིག་བཏོན་ཡོད། ཡིན་ན་ཡང་དོན་ཚན་དེ་དག་གི་ནང་དུ་ཨུ་རུ་སུ་ལ་སྐྱོན་བརྗོད་བྱས་མེད་ལ། ཨུ་རུ་སུའི་དམག་དཔུང་དག་ཡུག་རེན་ནས་ཕྱིར་འཐེན་དགོས་པ་སོགས་འཁོད་མེད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་དེ་ལ་དགའ་བསུ་ཞུས་མེད།
ཟླ་འདིའི་ནང་རྒྱ་ནག་གིས་ཨུ་རུ་སུའི་སྲིད་འཛིན་གྱི་གྲོགས་པོ་དང་བྷེ་ལ་རུ་སིའི་སྲིད་འཛིན་རྒྱ་ནག་ཏུ་གདན་འདྲེན་ཞུས་ཡོད་པ་དང་། ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་༢༠ ཉིན་ཨུ་རུ་སུའི་སྲིད་འཛིན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་རྒྱ་ནག་གི་སྲིད་འཛིན་ཨུ་རུ་སུ་ལ་ཕྱིན་སྲིད་འཛིན་པུ་ཊིན་དང་ཐུག་འཕྲད་བྱས་ཡོད།
གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་ནས་ཨ་རི་ལ་ཁ་གཏད་གཅོག་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་རྩ་ནས་དཔལ་འབྱོར་སོགས་ཀྱི་ཆད་པ་བཅད་ཡོང་བསམ་པའི་ཞེད་སྣང་ཡང་བྱེད་ཀྱི་ཡོད་རབས་བརྗོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
