ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བྷེ་ལ་རུ་སིའི་རྒྱལ་ཁབ་ནང་དབོར་འདྲེན་བྱེད་འགོ་བཙུགས་ཟིན་འདུག

དེ་སྔོན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་རྣམས་ཡུག་རན་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སི་ནང་དབོར་འདྲེན་བྱེད་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་པ་བཞིན། ད་ཆར་རྡུལ་ཕྲན་མཚོན་ཆ་དབོར་འདྲེན་བྱེད་འགོ་བཙུགས་ཟིན་ཡོད་འདུག
འདི་ལོ་ཕྱི་ཟླ་༣ ནང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་རྣམས་བྷེ་ལ་རུ་སིའི་རྒྱལ་ཁབ་ནང་དབོར་འདྲེན་བྱེད་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་པ་ལྟར། ཟླ་འདིའི་ཚེས་༢༥ གཟའ་ཕུར་བུའི་ཉིན་དྷེ་ལ་རུ་སིའི་སྲིད་འཛིན་ལོག་ཀོ་ཤ་ཁོར་(Lukashenko) ཨུ་རུ་སུ་ལ་ལྟ་སྐོར་ཡོང་དུས་གསར་འགོད་པར་བརྗོད་དོན་ལ། ཨུ་རུ་སུའི་རྡུལ་ཕྲན་རྣམས་བྷེ་ལ་རུ་སིའི་ནང་དབོར་འདྲེན་བྱེད་འགོ་བཙུགས་ཟིན་པ་དང། བྷེ་ལ་རུ་སིའི་རྒྱལ་ཁབ་ནི་ཨུ་རུ་སུ་དང་ཡུག་རན་གཉིས་ཀ་དང་ས་འདྲེས་ཡིན་འདུག ད་ཆར་བྷེ་ལ་རུ་སིའི་སྲིད་འཛིན་ལོག་ཀོ་ཤ་ཁོར་དང་ཁོང་གི་སྲིད་དོན་ཚོགས་པ་གཉིས་ཀྱིས་ཨུ་རུ་སུའི་པུ་ཌིེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང། བྷེ་ལ་རུ་སིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སི་ཝན་ཏ་ལན་( Svetlana Tikhanovkaya ) གྱིས་བརྗོད་དོན་ལ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་རྣམས་བྷེ་ལ་རུ་སིའི་ནང་དབོར་འདྲེན་བྱེད་པ་ནི་བྷེ་ལ་རུ་སིའི་མི་དམངས་ལ་ཉེན་ཁ་བཟོ་བཞིན་པ་མ་ཟད། ཡུག་རན་དང་ཡོ་རོབ་རྒྱལ་ཁབ་རྣམས་ཀྱི་བདེ་འཇགས་ལ་ཡང་ཉེན་ཁ་ཆེན་པོ་བཟོས་པ་རེད་ཅེས་བརྗོད་འདུག དེ་བཞིན་ཁོང་མོས་བརྗོད་དོན་ལ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་བྷེ་ལ་རུ་སིའི་ནང་བཞག་པ་ནི་ཨུ་རུ་སུས་དྷེ་ལ་རུ་སི་ལ་བཙན་གནོན་བྱེད་རྒྱུའི་ངན་སེམས་བཅངས་པ་རེད་ཅེས་བརྗོད་འདུག
ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་བྷེ་ལ་རུ་སིའི་ནང་རྡུལ་ཕྲན་མཚོན་ཆ་བཞག་རྒྱུ་ཡིན་ཚུལ་བརྗོད་དུས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་སྐྱོན་བརྗོད་བྱས་ཡོད་ཀྱང། པུ་ཌིན་གྱིས་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་རྡུལ་ཕྲན་མཚོན་ཆ་དབོར་འདྲེན་བྱེད་འགོ་བཙུགས་ཟིན་པར་བརྟེན། སྲིད་དོན་དཔྱད་བརྗོད་པ་འགའ་ཤས་ཀྱིས་བརྗོད་དོན་ལ་བྷེ་ལ་རུ་སིའི་ནང་རྡུལ་ཕྲན་མཚོན་ཆ་བཞག་ཀྱང། དེ་ཡིས་དམག་འཁྲུག་གི་ཁ་ཕྱོགས་གཞན་ཞིག་ལ་ཁ་བསྒྱུར་རྒྱུ་ཁག་པོ་རེད་ཅེས་བརྗོད་འདུག ཕྱི་ཟླ་༤ ནས་བྷེ་ལ་རུ་སིའི་དམག་མི་རྣམས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་གཏོང་སྟངས་སྦྱོང་བརྡར་བྱེད་བཞིན་ཡོད་ཚུལ་བརྗོད་འདུག
ཡུག་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཡིས་བརྗོད་གསལ་ལ། གཟའ་ཕུར་བུའི་ཉིན་དེར་ཨུ་རུ་སུའི་མི་མེད་གནམ་གྲུ་༣༦ ཡུག་རན་ནང་བཏང་ནས་གཏོར་རྒོལ་ཚབ་ཆེན་བྱེད་ཐབས་བྱེད་བྱས་ཡོད་ཀྱང། གཅིག་ཀྱང་མ་ལྷག་པ་ཚང་མ་ཡུན་རན་གྱི་གནམ་དམག་གིས་གཏོར་རྒོལ་བྱས་ཡོད་པ་རེད། ངས་ང་ཚོའི་གནམ་དམག་ལ་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་འདུག དེ་བཞིན་ཡུག་རན་གྱི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་ཨུ་རུ་སུས་ཡུག་རན་གྱི་གཞུང་ལམ་དང་དམག་གི་རྟེན་གཞི་རྣམས་གཏོར་ཐབས་བྱས་ཡོད་ཀྱང། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འཕྲུལ་རིགས་ཀྱི་རོགས་རམ་ལ་བརྟེན་ནས་སྲུང་སྐྱོབ་ཡག་པོ་བྱས་ཐུབ་ཡོད་པ་དང། ཨུ་རུ་སུའི་གཏོར་རྒོལ་ལམ་ལྷོང་བྱུང་མེད་ཚུལ་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
