ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་སྒེར་དམག་ཚོགས་པའི་མགོ་དཔོན་གཉིས་ཀྱི་འབྲེལ་བ།

སྐབས་ཤིག་ལ་ཨུ་རུ་སུའི་སྲིད་འཛིན་དང་ཨུ་རུ་སུའི་སྒེར་དམག་ཚོགས་པའི་མགོ་དཔོན་གཉིས་ཧ་ཅང་གི་གྲོགས་པོ་འཆམ་པོ་ཆགས་ཡོད་པ་དང་། སྒེར་དམག་ཚོགས་པའི་མགོ་དཔོན་ནི་སྲིད་འཛིན་པུ་ཌིན་སྒེར་གྱི་མ་བྱན་ཡང་བྱས་མྱོང་ཡོད་འདུག་ཀྱང་། ཉེ་ཆར་གནམ་གྲུའི་དོན་རྐྱེན་ཞིག་བྱུང་ནས་ཨུ་རུ་སུའི་སྒེར་དམག་ཚོགས་པའི་མགོ་དཔོན་དོན་རྐྱེན་དེའི་ཁྲོད་དུ་བསད་ཡོད་འདུག་པར་བརྟེན། སྒེར་དམག་ཚོགས་པས་བརྗོད་གསལ་ལ་སྲིད་འཛིན་པུ་ཌིན་གྱིས་ལྐོག་བསད་བཏང་ཡོད་ཚུལ་རྗོད་བཞིན་འདུག
ཕྱི་ཚེས་༢༧ ཉིན་གྱི་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། སྔ་ལོའི་ཕྱི་ཟླ་༢ ཚེས་༢༤ ཉིན་ནས་ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་རྒྱག་འགོ་འཛུགས་པའི་སྐབས་ནས་བཟུང་ཨུ་རུ་སུའི་སྒེར་དམག་ཚོགས་པ་དམག་འཁྲུག་ཁྲོད་ཤུགས་རྐྱེན་ཆེན་པོ་ཆགས་པ་དང་། ཨུ་རུ་སུའི་གཞུང་དམག་གིས་སྒེར་དམག་ཚོགས་པའི་སྟོབས་ཤུགས་ལ་ཧ་ཅང་བརྟེན་དགོས་ཁེལ་གྱི་ཡོད་འདུག སྤྱི་བཏང་ཨུ་རུ་སུའི་སྒེར་དམག་ཚོགས་པའི་མགོ་དཔོན་ཡེབ་གྷི་ནེ་དང་སྲིད་འཛིན་པུ་ཌིན་གཉིས་ཕྱི་ལོ་༡༩༩༠ ཙམ་ལ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་ཕྱིན་རྗེས་ཨུ་རུ་སུའི་རྒྱལ་ས་གཉིས་པ་(St Petersburg) ལ་ཐུག་ཡོད་པ་དང་། ཁོང་གཉིས་ཀ་(St Petersburg)ནས་ཡིན་འདུག ཐོག་མར་སྒེར་དམག་ཚོགས་པའི་མགོ་དཔོན་བཙོན་ཁང་ནས་གློད་བཀྲོལ་ཐོབ་དུས། པུ་ཌིན་བྱང་འཇར་མན་ནས་ཨུ་རུ་སུའི་གསང་བའི་ལས་ཁུངས་(KGB)ཟེར་བའི་ལས་བྱེད་བྱས་ནས་ཚུར་ལོག་ཚར་ཙམ་ཡིན་པའི་སྐབས་ཡིན་འདུག་ལ། སྐབས་དེ་དུས་སྒེར་དམག་ཚོགས་པའི་མགོ་དཔོན་གྱིས་ཁྱི་ཤ་འཚོང་སའི་ཟ་ཁང་ཞིག་བཙུགས་ཡོད་འདུག ཕྱིས་སུ་སྒེར་དམག་ཚོགས་པའི་མགོ་དཔོན་གྱི་ཟ་ཁང་སྐད་གྲགས་ཆེན་པོ་ཆགས་ནས་མི་སྣ་སྐད་གྲགས་ཅན་དུ་མ་ཟ་ཁང་དེའི་ནང་ཡོང་གི་ཡོད་པར་བརྟེན། ཟ་ཁང་དེའི་བརྒྱུད་ནས་སྒེར་དམག་ཚོགས་པའི་མགོ་དཔོན་དང་སྲིད་འཛིན་པུ་ཌིན་གཉིས་ངོ་ཤེས་གྲོགས་པོ་ཆགས་ཡོད་འདུག དེ་ནས་ཕྱིས་སུ་སྒེར་དམག་ཚོགས་པའི་མགོ་དཔོན་སྲིད་འཛིན་པུ་ཌིན་སྒེར་གྱི་མ་བྱན་ཡང་བྱས་མྱོང་ཡོད་འདུག་ལ། ཨུ་རུ་སུའི་གསང་བའི་ལས་ཁུངས་( KGB)ནང་པུ་ཌིན་གྱི་ཤུལ་འཛིན་པ་ཡང་བྱས་མྱོང་ཡོད་འདུག རྗེས་སུ་སྒེར་དམག་ཚོགས་པའི་མགོ་དཔོན་གྱིས་གསར་ཁང་ཞིག་ཀྱང་བཙུགས་ནས་ཨུ་རུ་སུའི་རྒྱལ་ནང་དང་། ཕྱི་ཕྱོགས་སུ་བདེན་པ་མ་ཡིན་པའི་གནས་ཚུལ་རིགས་དུ་མ་སྤེལ་ནས་མི་མང་ཁྲོད་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་འདུག

ཕྱི་ལོ་༢༠༡༣་དང་༢༠༡༤ སྐབས་སུ་ཡུག་རེན་གྱི་ས་ཆ་ཁེར་མེ་ཡའི་ནང་གྱེན་ལོག་བྱུང་བའི་རྐྱེན་གྱིས་ཨུ་རུ་སུའི་རྒྱལ་ཁབ་ལ་དགའ་ཞེན་བྱེད་མཁན་གྱི་གྱེན་ལོག་ཤོག་ཁག་ལ་སྒེར་དམག་ཚོགས་པས་གོ་ལག་དང་མཚོན་ཆའི་རིགས་ཀྱི་རོགས་རམ་ཆེན་པོ་བྱས་ནས་ཁེར་མེ་ཡ་ཡུག་རེན་གྱི་དབང་འོག་ནས་ཤོར་ཡོད་འདུག དུས་དེ་ནས་བཟུང་སྒེར་དམག་ཚོགས་པས་སྲིད་འཛིན་པུ་ཌིན་གྱི་དབང་འོག་ཏུ་གསང་བའི་ཐོག་ནས་ཨུ་རུ་སུའི་རྒྱལ་ཁབ་ཕྱི་ནང་དུ་ལས་དོན་དུ་མར་བསྒྲུབས་ཡོད་འདུག་པ་མ་ཟད། ཨ་ཧྥི་རི་ཀའི་རྒྱལ་ཁབ་དུ་མའི་ནང་ཨཱུ་རུ་སུའི་སྒེར་དམག་ཚོགས་པས་ལས་དོན་མང་པོ་བྱས་ཡོད་འདུག ཕྱིས་སུ་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་ཁྲོད་སྒེར་དམག་ཚོགས་པས་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། ཨུ་རུ་སུའི་གཞུང་གིས་སྒེར་དམག་ཚོགས་པ་ཨུ་རུ་སུའི་གཞུང་གི་བདེ་སྲུང་དམག་མིའི་ཁོངས་གཏོགས་སུ་འཛུལ་དགོས་ཚུལ་གྱི་ཁྱབ་བསྒྲགས་བྱས་ཡོད་ཀྱང་། སྒེར་དམག་ཚོགས་པའི་མགོ་དཔོན་གྱིས་ངོས་ལེན་མ་བྱས། དེའི་རྗེས་ཨུ་རུ་སུའི་བདེ་སྲུང་བློན་ཆེན་(Sergei Shoigu) དང་དམག་སྤྱི་(Valery Gersimov )གཉིས་ལ་དམག་སར་གོ་མཚོན་དང་ལག་ཆ་མི་འདང་བའི་རྐྱེན་གྱིས་སྒེར་དམག་ཚོགས་པའི་མགོ་དཔོན་གྱིས་སྐྱོན་བརྗོད་ཆེན་པོ་བྱས་པ་མ་ཟད། སྲིད་འཛིན་པུ་ཌིན་ལ་ཡང་ཟུར་ཟ་ཐེངས་མང་བྱས། ཕྱི་ཟླ་༦ ཚེས་༢༣ ཉིན་སྒེར་དམག་ཚོགས་པའི་མགོ་དཔོན་དམག་ས་ནས་ཨུ་རུ་སུ་ལ་གྱེན་ལོག་བྱས། སྐབས་དེ་དུས་སྒེར་དམག་ཚོགས་པས་ཨུ་རུ་སུའི་གྲོང་ཁྱེར་འགའ་ཤས་བཟུང་བ་དང་། ཨུ་རུ་སུའི་རྒྱལ་ས་བཙན་བཟུང་བྱེད་རྒྱུར་བཀའ་ཁྱབ་བཏང་ཡང་། བྷེ་ལ་རུ་སིའི་སྲིད་འཛིན་གྱིས་བར་འདོམ་བྱས་པར་བརྟེན་ཨུ་རུ་སུའི་ནང་དུ་ནང་འཁྲུག་མ་བྱུང་། ཕྱི་ཟླ་ ༨ ཚེས་༢༧ ཉིན་ཨུ་རུ་སུའི་གཞུང་གིས་བརྗོད་དོན་ལ་ཨུ་རུ་སུའི་རྒྱལ་སའི་ཉེ་འགྲམ་དུ་གནམ་གྲུ་བརྡབ་སྐྱོན་ཤོར་བའི་དོན་རྐྱེན་ཁྲོད་ཁྱོན་མི་༡༠ ཤི་ཡོད་པ་དང་། དེའི་ནང་སྒེར་དམག་ཚོགས་པའི་མགོ་དཔོན་ཡང་ཤི་ཡོད་པར་བརྗོད་འདུག ད་ཆར་སྒེར་དམག་ཚོགས་པས་བརྗོད་དོན་ལ་མགོ་དཔོན་ཡེབ་གྷེ་ནེ་གནམ་གྲུའི་བརྡབ་སྐྱོན་གྱི་ཁྲོད་བསད་ཡོད་པ་དང་། དོན་རྐྱེན་དེའི་རྒྱབ་ན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།