ཨུ་རུ་སུའི་སྲིད་འཛིན་རྒྱ་ནག་ལ་འགྲོ་འཆར།

ཟླ་འདིིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲེིད་འཛིན་གང་མགྱོགས་རྒྱ་ནག་ཏུ་འགྲོ་འཆར་ཡོད་པའིི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་ཁོང་ཉིད་གང་མགྱོགས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་བྱེད་རྒྱུ་ཡིན་ཞེས་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་ང་ལ་གྲོགས་པོ་ཞེས་འབོད་ཀྱིན་ཡོད། ངས་ཀྱང་ཁོ་ལ་ངའི་གྲོགས་པོ་ཞེས་འབོད་རྒྱུ་དགའ་པོ་ཡོད། སྲིད་འཛིན་ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆེད་བྱ་བ་མང་པོ་བསྒྲུབས་ཡོད་ཅེས་བརྗོད་ཡོད་འདུག

ལོ་འདིའི་ཕྱི་ཟླ་༧ པའི་ནང་ཨུ་རུ་སུས་ཕྱི་ཟླ་༡༠ པའི་ནང་སྲིད་འཛིན་པུ་ཊིན་རྒྱ་ནག་ལ་ཕྱིན་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་རབས་བསྒྲགས་ཡོད་འདུག

ལོ་འདིའི་ཕྱི་ཟླ་༣ པའི་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ལ་དམག་འཁྲུག་གི་ནག་ཉེས་ཡོད་པའི་མིང་ཐོག་ནས་འཛིན་བཟུང་བྱ་དགོས་ཞེས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཚོགས་མིའི་རྒྱལ་ཁབ་ཁག་ལ་གསལ་བསྒྲགས་སྤེལ་བ་ནས་བཟུང་ཨུ་རུ་སུའི་སྲིད་འཛིན་ཕྱིར་བསྐྱོད་བྱེད་རྒྱུ་དཀོན་ཏུ་ཕྱིན་ཡོད་པ་ནི་མངོན་གསལ་དོད་པོ་ཆགས་ཡོད་འདུག

ཉེ་ཆར་ལྷོ་ཨ་ཧྥི་རི་ཀ་ལ་ཚོགས་པའི་བྷི་རི་སི་(BRICS) ་ལྷན་ཚོགས་ཐོག་ཁོང་ཉིད་མཉམ་ཞུགས་ཐུབ་མེད་པ་མ་ཟད། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་རྒྱ་གར་གྱི་སྲིད་བློན་ལ་ཁ་པར་བརྒྱུད་ནས་བཀའ་མོལ་གནང་སྐབས། རྒྱ་གར་གྱི་གཙོ་སྐྱོང་འོག་འཚོག་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཐོག་ཁོང་གི་ཚབ་ཏུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཏོང་རྒྱུ་ཡིན་རབས་བརྗོད་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ནི་ཁོང་ལ་བདེ་འཇགས་ཀྱི་འགན་ལེན་བྱེད་ཐུབ་པའི་རྒྱལ་ཁབ་ཁོ་ན་ལ་འགྲོ་འདོད་ཡོད་པ་དང་། ཁོང་འགྲོ་འདོད་པའི་རྒྱལ་ཁབ་གཅིག་ནི་རྒྱ་ནག་ཡིན་རབས་བརྗོད་ཡོད་འདུག གལ་སྲིད་ཁོང་ཉིད་ལོ་འདིའི་ཕྱི་ཟླ་༡༠ པའི་ནང་རྒྱ་ནག་ལ་ཕྱིན་པ་ཡིན་ན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁོང་ཉིད་འཛིན་བཟུང་བྱ་དགོས་ཞེས་པའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། ཁོང་ཉིད་རྒྱལ་ཁབ་གཞན་དུ་འཚམས་གཟིགས་འགྲོ་བ་ཐོག་མ་དེ་ཆགས་ཡོད་འདུག

ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་རྒྱ་ནག་ནི་ཨུ་རུ་སུའི་སྟོབས་ཤུགས་ཆེ་ཤོས་ཀྱི་རོགས་ཟླ་ཞིག་ཆགས་ཡོད་པ་དང་། འདས་པའི་དམག་འཁྲུག་གི་དུས་ཡུན་རིང་། རྒྱ་ནག་གིས་ཨུ་རུ་སུ་ལ་ཉེས་འཛུགས་མ་བྱས་པའི་ཁར། ནུབ་ཕྱོགས་པ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་ལ་ཉེས་འཛུགས་བྱས་ཡོད། དེ་དང་དུས་མཚུངས་སུ་ཨུ་རུ་སུས་རྡོ་སྣུམ་དང་སོལ་རླངས་རིན་གོང་ཆུང་ཆུང་བྱས་ནས་རྒྱ་ནག་ལ་བཙོངས་དང་འཚོང་བཞིན་ཡོད་འདུག

ལོ་འདིའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨུ་རུ་སུ་ལ་ཕྱིན་ནས་སྲིད་འཛིན་པུ་ཊིན་དང་ཐུག་འཕྲད་བྱས་ནས་ཟླ་བ་གཅིག་གི་རྗེས། སྲིད་འཛིན་ཞི་ཅིན་ཕིང་གིས་ཡུག་རེན་གྱི་སྲིད་འཛིན་ལ་དམག་འཁྲུག་ལངས་པའི་རྗེས་ཀྱི་ཁ་པར་ཐོག་མ་དེ་བཏང་ཡོད་འདུག

ད་ལྟའི་ཆར་ཡུག་རེན་ལ་དམག་འཁྲུག་གི་རྒྱལ་ཁ་ཕྲན་བུ་ཐོབ་བཞིན་པའི་དུས་སུ་རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཐུག་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།