ཨུ་རུ་སུས་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་གོ་མཚོན་བཤམས་སྟོན་དང་དམག་འཁྲུག་ལ་ལོག་འགྲེལ།
ཨུ་རུ་སུས་ཡུག་རེན་གྱི་དམག་ས་ནས་གོ་མཚོན་འཕྲོགས་པ་རྣམས་མི་མང་ཁྲོད་བཤམས་སྟོན་བྱས་ནས་དམག་འཁྲུག་སྐོར་ལོག་འགྲེལ་བྱེད་ཀྱི་ཡོད་འདུག་ལ། གོ་མཚོན་དེ་དག་ནི་ཨུ་རུ་སུས་དམག་ས་ནས་འཕྲོགས་པའི་ཨ་རི་དང་དབྱིན་ཡུལ། འཇར་མན་སོགས་ཀྱི་གོ་མཚོན་རྐྱང་རྐྱང་ཡིན་འདུག

ཕྱི་ཚེས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཡུག་རེན་ལ་གོ་མཚོན་རོགས་རམ་བྱས་པ་དག་འཕྲོགས་ནས་ཨུ་རུ་སུའི་མི་མང་ཁྲོད་བཤམས་སྟོན་བྱས་ཏེ། ཡུག་རེན་ལ་ཨུ་རུ་སུས་བཙན་འཛུལ་བྱེད་བཞིན་པ་དེ་ལ་ལོག་འགྲེལ་བྱེད་ཀྱི་ཡོད་འདུག དེ་ཡང་ཨུ་རུ་སུས་ཨ་རི་དང་དབྱིན་ཡུལ། འཇར་མན་སོགས་ཀྱིས་ཡུག་རེན་ལ་སྤྲད་པའི་གོ་མཚོན་རྣམས་མི་མང་ཁྲོད་བཤམས་ནས་མི་མང་རྣམས་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་བཙན་འཛུལ་བྱེད་ཀྱི་ཡོད་ཚུལ་དང་། ཨུ་རུ་སུས་དམག་སའི་ཁྲོད་རྒྱལ་ཁ་ཆེན་པོ་ལེན་བཞིན་ཡོད་ཚུལ་རྗོད་ཀྱི་ཡོད་འདུག་ལ། ཕྱི་ལོ་༡༩༤༡ ལོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དང་ཕྱི་ལོ་༢༠༢༢ ལོར་གཅིག་པ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག རྒྱུ་མཚན་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨུ་རུ་སུ་ལ་འཇར་མན་གྱི་ཧི་ཏེ་ལེར་གྱིས་འགོ་ཁྲིད་པའི་ནཱ་ཛིའི་ཚོགས་པས་བཙན་འཛུལ་བྱས་ཡོད་ཚུལ་དང་། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་བཙན་འཛུལ་བྱེད་ཀྱི་ཡོད་ཚུལ་རྗོད་ཀྱི་ཡོད་འདུག དོན་དངོས་ཐོག་ཨུ་རུ་སུས་ཡུག་རེན་ལ་ཕར་བཙན་འཛུལ་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་གོ་མཚོན་འཕྲོགས་པ་དེ་དག་གི་ནང་ཨ་རིའི་མེ་སྒྱོགས་(Abram)ཟེར་བ་དེ་དང་། དབྱིན་ཡུལ་གྱི་མོ་ཌ་ (Husky)ཟེར་བ། འཇར་མན་གྱི་(Leopard)ཟེར་བའི་མེ་སྒྱོགས་སོགས་ཡོད་འདུག ཨུ་རུ་སུའི་མི་མང་ཁྲོད་ཨུ་རུ་སུའི་གཞུང་གིས་གང་བཤད་པ་དེ་ལ་ཡིད་ཆེས་ནས་མི་མང་པོས་གོ་མཚོན་འཕྲོགས་པ་དེ་དག་གི་འགྲམ་ནས་པར་རྒྱག་པ་དང་ཨུ་རུ་སུའི་དམག་མི་རྣམས་ལ་བསྟོད་བསྔགས་བྱེད་པ་སོགས་བྱས་ནས་དགའ་བསུ་བྱེད་ཀྱི་ཡོད་འདུག དེ་སྔོན་ཡུག་རེན་གྱིས་ཨུ་རུ་སུ་ནས་འཕྲོགས་པའི་གོ་མཚོན་མང་པོ་ཞིག་མི་མང་ཁྲོད་བཤམས་སྟོན་བྱས་ཏེ། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ནས་ཡུག་རེན་གྱི་ས་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་པར་བརྗོད་འདུག་ཀྱང་།

ད་ལྟ་ཨུ་རུ་སུས་གོ་མཚོན་འཕྲོགས་པ་དག་བཤམས་སྟོན་བྱས་པ་དང་ཡུག་རེན་གྱི་བཤམས་སྟོན་བྱས་པ་གཉིས་ཁྱད་པར་ཆེན་པོ་ཡོད་འདུག ཨུ་རུ་སུའི་དམིགས་ཡུལ་ནི་བྱང་ཆིངས་སྒྲིག་འཛུགས་དང་ནུབ་ཕྱོགས་པའི་རྒྱལ་ཁབ་གཙོས་མཉམ་རུབ་ཐོག་ནས་ཨུ་རུ་སུར་བཙན་འཛུལ་བྱེད་ཀྱི་ཡོད་ཚུལ་དང་། ཨུ་རུ་སུའི་མི་མང་ཚོས་ནུབ་ཕྱོགས་པའི་རྒྱལ་ཁབ་ཚོ་ལ་ཁ་གཏད་གཅོག་དགོས་པའི་ལོག་འགྲེལ་བྱེད་ཀྱི་ཡོད་འདུག ཕྱི་ཟླ་༥ ཚེས་༩ ཉིན་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་གྱི་ན་ཛིའི་ཚོགས་པ་ལས་ཨུ་རུ་སུ་རྒྱལ་ཁ་ཐོབ་པའི་ཉིན་མོ་ཡིན་འདུག་པར་བརྟེན། གཡུལ་ལས་རྒྱལ་བའི་ཉིན་དེ་མ་སླེབས་སྔོན་ནས་ཨུ་རུ་སུ་གཞུང་གིས་ཉིན་མོ་དེའི་ཆེད་དུ་གྲ་སྒྲིག་བྱེད་བཞིན་ཡོད་འདུག ཐེངས་འདིའི་གོ་མཚོན་བཤམས་སྟོན་བྱེད་སར་སྦྱར་པང་ཆེན་པོ་ཞིག་གི་ཐོག་ཏུ་དམག་སའི་ཁྲོད་ཨུ་རུ་སུས་རྒྱལ་ཁ་ཆེན་པོ་བླངས་ཡོད་ཚུལ་བྲིས་ཡོད་འདུག མདོར་ན་ཨུ་རུ་སུས་ཡུག་རེན་ནས་འཕྲོགས་པའི་གོ་མཚོན་དག་བཤམས་ཏེ། ཨུ་རུ་སུའི་མི་མང་ཚོ་ལ་ཨུ་རུ་སུའི་དམག་མི་རྣམས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་བཙན་འཛུལ་ལ་གདོང་ལེན་བྱས་ནས་རྒྱལ་ཁ་ཆེན་པོ་ལེན་བཞིན་ཡོད་ཚུལ་ལོག་འགྲེལ་བྱེད་ཀྱི་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
