ཨེ་རན་གྱིས་སྲིད་འཛིན་ཊོམ་གྱི་ལས་ཡུན་རྫོགས་བཞིན་པར་དགའ་པོ་བྱུང་སྐོར་བརྗོད།
སྐུ་ཞབས་བྷ་ཌན་ཨ་རིའི་སྲིད་འཛིན་ཐེངས་༤༦ པར་གཏན་ཁེལ་ནས་ལས་ཐོག་སྲིད་འཛིན་ཊོམ་གྱི་ལས་ཡུན་མགྱོགས་མྱུང་རྫོགས་བཞིན་ཡོད་པས། ཨེ་རན་གྱི་འཛིན་སྲིད་རཱ་ཧ་ནཱ་(Rouhani) ཡིས་ཊོམ་ལ་“ཁྲིམས་མེད་ལུགས་ཆེ་ཤོས་ཀྱི་ཨ་རིའི་སྲིད་འཛིན་”དང་། “འཇིགས་སྐུལ་རིང་ལུགས་པ་”ཞེས་བོས་ཏེ་ཁོང་སྲིད་འཛིན་གྱི་ལས་ཁུངས་ནས་འགྲོ་བཞིན་པ་དེར་དགའ་བོ་བྱུང་ཚུལ་བརྗོད་འདུག
དེ་རིང་སྟེ་ཕྱི་ཟླ་༡༢ ཚེས་༡༦ རེས་གཟའ་ལྷག་པའི་ཉིན་ཨེ་རན་གྱི་སྲིད་འཛིན་ཁོང་གིས་བརྙན་འཕྲིན་བརྒྱུད་དེ་གཏམ་བཤད་ཅིག་སྤེལ་བའི་ནང་། ཁོང་གིས་“འགའ་ཤས་ཀྱིས་སྐུ་ཞབས་བྷ་ཌན་ཡོང་བ་དེར་ང་ཚོ་ཧ་ཅང་དགའ་འདུག་ཟེར། དེ་འདྲ་མ་རེད། ཡིན་ན་ཡང་། ང་ཚོ་ཊོམ་འགྲོ་བཞིན་པ་དེར་དགའ་བོ་བྱུང་”ཞེས་བརྗོད་པ་མ་ཟད། ཊོམ་ལ་“སྒེར་གཅོད་པ་”དང་། “ཁྲིམས་མེད་ལུགས་མེད་ཆེ་ཤོས་ཀྱི་སྲིད་འཛིན།” “འཇིགས་སྐུལ་རིང་ལུགས་པ་དང་མི་གསོད་ལག་དམར་”ཞེས་བོས་འདུག
བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་དབུས་འོས་བསྡུ་ལྷན་ཚོགས་(electoral college) ཀྱིས་གཞུང་འབྲེལ་ཐོག་ནས་སྐུ་ཞབས་བྷ་ཌན་སྲིད་འཛིན་ཡིན་པའི་ཁྱབ་བསྒྲགས་བྱས་ཏེ། ལོ་རྗེས་མའི་ཕྱི་ཟླ་༡ པོའི་ཚེས་༢༠ ཉིན་དངོས་སུ་དམ་འབུལ་ཞུ་རྒྱུར་གཏན་འཁེལ་ཡོད།
སྲིད་འཛིན་ཊོམ་གྱི་འདས་པའི་ལོ་བཞིའི་ལས་ཡུན་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཤིན་ཏུ་སྐྱོན་ཆག་བྱུང་ཡོད་དེ། ཊོམ་གྱིས་ཨི་སི་རཱལ་(Israel) དང་ཨ་རབ་ཀྱི་རྒྱལ་ཁབ་རྣམས་ཀྱི་བར་དུ་འབྲེལ་བ་ཟབ་ཏུ་གཏོང་བའི་ཆེད། ཨེ་རན་ལ་སྲིད་བྱུས་མཁྲེགས་པོ་བཟུང་ནས་དཔལ་འབྱོར་གྱི་ཉེས་ཆད་སྣ་ཚོགས་བཅད་པ་མ་ཟད། ད་ལོའི་ཕྱི་ཟླ་༡ པོའི་ནང་ཨེ་རན་གྱི་དམག་སྤྱི་ཆེན་མོ་ཁོ་སཱམ-སོལ་མ་ནཱ་(Qassem Soleimani) གསོད་པའི་བཀའ་ཡང་བཏང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།