ཨེ་ཤི་ཡ་ལ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་ཀྱང་ཐེ་ཝན་ལ་ཕེབས་རྒྱུ་གཏན་འཁེལ་མི་འདུག

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པེ་ལོ་སི(Nancy Pelosi) ཨེ་ཤི་ཡའི་རྒྱལ་ཁབ་ཁག་གཅིག་གི་ནང་དུ་འཚམས་གཟིགས་ཕེབས་བཞིན་ཡོད་ན་ཡང་། ཁོང་ཉིད་ཐེ་ཝན་དུ་ཕེབས་རྒྱུ་ཡིན་མིན་ཐོག་ལ་གསལ་བོ་མེད་པའི་གནས་ཚུལ་ཐོན་འདུག

ཟླ་༧ ཚེས་༣༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པེ་ལོ་སི་གཙོས་པའི་ཨ་རི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཉི་ཧོང་དང་ལྷོ་ཀོ་རི་ཡ། སིང་གྷ་པུ་དང་མ་ལི་ཤི་ཡ་བཅས་རྒྱལ་ཁབ་བཞིའི་ནང་དུ་འཚམས་གཟིགས་ཕེབས་འགོ་བཙུགས་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་དབུ་ཁྲིད་ཚོ་དང་ལྷན་དུ་མཇལ་འཕྲད་ཀྱིས་ཞི་བདེ་དང་བདེ་འཇགས། དཔལ་འབྱོར་དང་ཚོང་དོན། ཏོག་དབྱིབས་གཉན་རིམས་དང་འགྲོ་བ་མིའི་ཐོབ་ཐང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་ལ་གྲོས་མོལ་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཁོང་དང་སྐུ་ཚབ་ཚོགས་པ་དེ་ཉིད་ཐེ་ཝན་དུ་ཕེབས་རྒྱུ་ཡིན་མིན་གྱི་གནས་ཚུལ་གསལ་བོ་བཀོད་མེད་པ་རེད་འདུག

རྒྱ་ནག་གཞུང་གིས་ཐ་ཝན་ནི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་ཁུ་སིང་དུ་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པས། གཞུང་འབྲེལ་མི་སྣ་གང་ཞིག་ཐེ་ཝན་དུ་ཕེབས་པ་དང་། ཐེ་ཝན་དང་འབྲེལ་བ་བྱས་ཚེ། རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་གནོན་ཤུགས་སྤྲོད་བཞིན་ཡོད།

དེ་ལས་ལྡོག་སྟེ། རྒྱ་ནག་གཞུང་གི་ཐེ་ཝན་ཁེར་རྐྱང་དུ་བསྐྱུར་འདོད་ཀྱི་དམིགས་ཡུལ་དེ་ལ་ཁ་གཏད་དང་གདོང་ལེན་བྱེད་ཆེད་དུ། ཐེ་ཝན་གྱིས་ཨ་རི་དང་ཡུ་རོབ། ཨེ་ཤི་ཡ་བཅས་ཀྱི་ནང་ལ་ལས་ཀ་བྱེད་བཞིན་པ་དང་། རྒས་ཡོལ་ཟིན་པའི་གནད་ཡོད་མི་སྣ་སོགས་ཐེ་ཝན་དུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བཀག་སྡོམ་ཇི་ལྟར་བྱས་ཀྱང་། ཐེ་ཝན་ནི་ཨེ་ཤི་ཡའི་ནང་དུ་དཔལ་འབྱོར་གྱི་ནུས་པ་ཆེན་མོ་འདོན་མཁན་ཞིག་ཡིན་པ་དང་། ཨ་རི་དང་ཉི་ཧོང་། དབྱིན་ཇི་དང་ཨུ་རུ་སུ་སོགས་ཁྱོན་བསྡོམས་རྒྱལ་ཁབ་༥༩ ལྷག་གིས་གཞུང་འབྲེལ་མིན་པའི་ཐོག་ནས་འབྲེལ་བ་བཙུགས་ཡོད་འདུག

ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པེ་ལོ་སི་ཟླ་བ་སྔོན་མའི་ནང་དུ་ཐེ་ཝན་དུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཞིག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་རྗེས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

རྒྱལ་སྤྱིའི་གསར་ཁང་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱི་ལོ་༡༩༩༡་ལོར་ཁོ་མོ་རྒྱ་ནག་ཏུ་ཕེབས་ཡོད་པ་དང་། སྐབས་དེར་ཁོ་མོས་༡༩༨༩ ལོར་བྱུང་བའི་དོན་རྐྱེན་ལ་དྲན་གསོ་དང་རྒྱབ་སྐྱོར་བྱས་ཡོད་པ་དང་། སྤྱི་ལོ་༢༠༡༩་ལོར་ཧོང་ཀོང་གི་དམངས་གཙོ་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། ཉེ་ཆར་ཁོ་མོས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་འགངས་ཆེ་རབས་བཤད་ཡོད་པ་སོགས་འདས་པའི་མི་ལོ་བཅུ་ཕྲག་གསུམ་གྱི་རིང་ཁོ་མོ་ནི་རྒྱ་ནག་གི་སྐྱོན་བརྗོད་དང་ཁ་གཏད་བྱ་ཡུལ་ཅིག་ཏུ་འགྱུར་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།