ཨེ་སི་སི་འཇིགས་སྐུལ་ཚོགས་པས་རྒྱལ་ཁབ་མི་འདྲ་བ་གཉིས་ནང་དྲག་རྒོལ་བྱས་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་སི་རི་ཡའི་ནང་ཨེ་སི་སི་འཇིགས་སྐུལ་ཚོགས་པ་ཕམ་ཉེས་བཏང་ཟིན་པས། ཨ་རིའི་དམག་མི་ཆ་ཚང་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་ཡོད་པ་རེད་དེ། འཇིགས་སྐུལ་ཚོགས་པ་དེས་ཉེ་ཆར་རྒྱལ་ཁབ་མི་འདྲ་བ་གཉིས་ནང་དྲག་རྒོལ་བྱས་འདུག
ཟླ་༡༢ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨེ་སི་སི་འཇིགས་སྐུལ་ཚོགས་པས་དཀྱིལ་ཤར་ཡུལ་གྲུ་ཨི་རག་དང་། ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལཱི་བྷི་ཡའི་བཅས་ནང་དྲག་རྒོལ་བྱས་ཡོད་འདུག དེ་ཡང་ཟླ་༡༢ པའི་ཚེས་༢༥ ཉིན་ལཱི་བྷི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཀྲེ་རི་པཱོ་ལིར་ཡོད་པའི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་དུ། དྲག་སྤྱོད་པ་གསུམ་གྱིས་དྲག་རྒོལ་བྱས་ཏེ་ཉུང་མཐར་མི་གསུམ་བསད་ཡོད་ཁར། མི་གྲངས་༡༠ ལ་རྨས་སྐྱོན་བཟོས་ཡོད་འདུག
དྲག་རྒོལ་དེ་བྱུང་བའི་ཉིན་རྗེས་མ་སྟེ་ཟླ་༡༢ པའི་ཚེས་༢༦ ཉིན་ཨེ་སི་སི་འཇིགས་སྐུལ་ཚོགས་པས་དྲག་རྒོལ་དེར་འགན་ལེན་བྱས་འདུག དེ་ཡང་ལཱི་བྷི་ཡ་རྒྱལ་ཁབ་དེའི་རྒྱུན་རིང་གི་སྲིད་དབང་སྒེར་གཅོད་པ་མུ་མཱར་གྷ་ཌ་ཧྥི་ཕྱི་ལོ་༢༠༡༡ ལོར་དམར་གསོད་བཏང་བ་ནས་བཟུང་། རྒྱལ་ཁབ་དེའི་ནང་ཕྱོགས་ཁག་མི་འདྲ་བའི་བར་ད་བར་དབང་ཆ་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་ངོས་འཛིན་ཡོད་པའི་གཞུང་ཞིག་རྒྱལ་ས་ཀྲེ་རི་པཱི་ལིར་ཡོད་པ་དང་། ཕྱོགས་འགལ་གཞུང་གཞན་ཞིག་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཀྲོ་བྷོར་ཀ་ཞེས་པ་དེར་ཡོད་ཁར། རྒྱལ་ཁབ་ཀྱི་དབང་ཆ་དང་རྒྱུ་ནོར་ལ་འཐབ་རྩོད་བྱེད་མཁན་དྲག་སྤྱོད་ཚོགས་པ་བཅུ་གྲངས་ཡོད་འདུག
རྒྱལ་ཁབ་དེའི་ནང་བརྟན་ལྷིང་མེད་པའི་གོ་སྐབས་དང་བསྟུན་ནས། ཨེ་སི་སི་འཇིགས་སྐུལ་ཚོགས་པས་ལུང་པ་དེའི་གལ་ཆེའི་སྒྲིག་འཛུགས་མང་པོ་ཞིག་ལ་དྲག་རྒོལ་བྱེད་བཞིན་ཡོད་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་ངོས་འཛིན་ཡོད་པའི་ལི་བྷི་ཡ་གཞུང་གི་ཕྱི་སྲིད་བློན་ཆེན་གྱིས། རྒྱལ་ཁབ་དེར་ནང་འཁྲུག་གི་རྐྱེན་པས་ནུས་སྟོབས་མེད་པ་ཆགས་ཡོད་པ་དང་། དེ་ལ་བརྟེན་ནས་དྲག་རྒོལ་དེ་རིགས་བཀག་འགོག་བྱེད་ཐུབ་ཀྱི་མེད་ཀྱང་། སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་གདོང་ལེན་བྱེད་རྒྱུ་ཡིན་སྐོར་བརྗོད་ནས། ཕྱི་ལོ་༢༠༡༡ ལོར་རྒྱལ་ཁབ་དེའི་ནང་ཕྱོགས་ཁག་བར་ནང་འཁྲུག་འགོ་བཙུགས་སྐབས། མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་དེང་གོ་མཚོན་གྱི་ཚོང་འབྲེལ་བཀག་འགོག་བྱས་འདུག་པས། ཕྱི་སྲིད་བློན་ཆེན་གྱིས་བཀག་འགོག་དེའི་ཆ་ཤས་ཁག་ཅིག་ཕྱིར་འཐེན་བྱེད་པའི་འབོད་སྐུལ་བྱས་ཏེ། ཁུལ་དེར་གོ་མཚོན་ཡག་པོ་མེད་པར་བརྟེན། བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་མེད་སྐོར་བརྗོད་འདུག
དེ་བཞིན་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨི་རག་གི་གྲོང་ཁྱེར་ཀྲལ་ཨ་ཧྥར་ཞེས་པའི་ནང་། ཁྲོམ་ར་ཞིག་གི་དཀྱིལ་དུ་རླངས་འཁོར་ནང་དུ་འབར་རྫས་བཞག་ཏེ་དྲག་རྒོལ་བྱས་འདུག་པས། མི་གྲངས་༢ བསད་ཡོད་ཁར། ༡༡ ལ་རྨས་སྐྱོན་བཟོས་འདུག ཟླ་༡༢ པའི་ཚེས་༢༥ ཉིན་ཨི་སི་སི་འཇིགས་སྐུལ་ཚོགས་པས་དྲག་རྒོལ་དེར་འགན་ལེན་བྱས་ཏེ། མི་གྲངས་༣ བསད་ཡོད་སྐོར་བསྒྲགས་འདུག
དྲག་རྒོལ་བྱེད་ཡུལ་གྲོང་ཁྱེར་དེ་ཕྱི་ལོ་༢༠༡༤ ལོར་ཨེ་སི་སི་འཇིགས་སྐུལ་ཚོགས་པས་བཙན་འཛུལ་བྱས་ཏེ་དབང་བསྒྱུར་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ཨི་རག་གི་དམག་མི་དང་ཨ་རིའི་འགོ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་དཔུང་ཚོས། ཨེ་སི་སི་འཇིགས་སྐུལ་ཚོགས་པའི་དམག་དཔུང་ཕམ་ཉེས་བཏང་སྟེ། གྲོང་ཁྱེར་དེ་ཚུར་འཕྲོག་ཐུབ་ཡོད་འདུག དེའི་རྗེས་ནས་ད་བར་གྲོང་ཁྱེར་དེར་ཨེ་སི་སི་འཇིགས་སྐུལ་ཚོགས་པས་གྲོང་ཁྱེར་དེར་དྲག་རྒོལ་བྱས་པ་ཐེངས་དང་པོ་ཡིན་འདུག
ཨ་རིའི་གཞུང་གི་ཞིབ་འཇུག་སྙན་ཐོ་ཞིག་ནང་། སི་རི་ཡ་དང་ཨི་རག་ནང་ཨེ་སི་སི་འཇིགས་སྐུལ་ཚོགས་པས་བཙན་བཟུང་བྱས་པའི་ས་ཁུལ་མང་ཆེ་བ་ཚུར་འཕྲོག་ཟིན་ཡོད་ཀྱང་། སི་རི་ཡ་དང་ཨི་རག་ནང་མུ་མཐུད་ནས་ཨེ་སི་སིའི་དམག་དཔུང་ཁྲི་ཁ་ཤས་ལྷག་ཡོད་སྐོར་གསལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།