ཨོ་གླིང་གིས་རྒྱ་གར་གྱི་གནའ་རྫས་ཁག་༢༩ ཕྱིར་སློག་བྱས་འདུག
ཟླ་འདིའི་ཚེས་༢༡ ཉིན་རྒྱ་གར་གྱི་ཧིན་རྡུ་གསར་ཁང་དུ་གནས་ཚུལ་སྤེལ་བའི་ནང་། ཨོ་གླིང་གིས་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་གནའ་རྫས་ཁག་༢༩ ཕྱིར་སློག་བྱས་ཡོད་འདུག
དེ་ཡང་འདས་པའི་ལོ་ཤས་ནང་རྒྱ་གར་དང་ཨོ་གླིང་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་འགྲོ་བཞིན་ཡོད་པར་བརྟེན། ཚེས་༢༡ ཉིན་རྒྱ་གར་དང་ཨོ་གླིང་གྱི་སྲིད་བློན་རྣམ་གཉིས་དྲ་ལམ་དུ་ཐུག་འཕྲད་མ་བྱས་པའི་སྔོན་དེར། ཨོ་གླིང་གིས་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་གནའ་རྫས་ཁག་༢༩ ཕྱིར་སློག་བྱས་ཡོད་པ་མ་ཟད། སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དི་ཡིས་གནའ་རྫས་ཕྱིར་སློག་བྱས་པ་རྣམས་ལ་གཟིགས་ཞིབ་གནང་ཡོད་འདུག
ད་རེས་ཨོ་གླིང་གིས་ཕྱིར་སློག་བྱས་པའི་གནའ་རྫས་དེ་དག་གི་ནང་། དུས་རབས་༩ ནས་༡༠ བར་རྒྱ་གར་གི་མངའ་སྡེ་རཱ་ཇེ་སེ་ཐན་ནང་དུ་བཞེངས་བའི་ལྷ་དབང་ཕྱུག་གི་རྡོ་རྐོས་སྐུ་འདྲ་ཞིག་དང་། དུས་རབས་༡༢ ནང་མངའ་སྡེ་ཊར་མེར་ཎ་ཊུ་(Tamil Nadu) ནང་བཞེངས་བའི་ (child-saint Sambandar) ཟངས་ཀྱི་སྐུ་འདྲ། ཕྱི་ལོ་༡༨༣༠ ནས་༡༨༤༠ བར་ཧི་མ་ཅལ་མངའ་སྡེ་ནང་བཞེངས་བའི་ལྷ་དབང་ཕྱུག་གི་ཐང་ཀ་(Shiva and Parvati) བཅས་ལག་སོན་བྱུང་ཡོད་འདུག་ལ། གོང་གི་གནའ་རྫས་ཁག་ཅིག་བོར་བརླག་སོང་ནས་ད་བར་ལོ་ངོ་༥༣ ལྷག་ཕྱིན་ཡོད་འདུག
རྒྱ་གར་གྱི་གཞུང་འབྲེལ་ལས་བྱེད་པ་ཞིག་གིས་བརྗོད་དོན་ལ། ད་ལྟ་རྒྱ་གར་ངོས་ནས་བོར་བརླག་སོང་བའི་གནའ་རྫས་རྒྱལ་ཁབ་གཞན་དུ་ཡོད་པ་རྣམས་རང་ཡུལ་དུ་ཕྱིར་ལེན་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་སྐོར་དང་། ཡོང་རྒྱུ་བསྡད་པའི་བདུན་ཕྲག་དེའི་ནང་གནའ་རྫས་ཁག་༣ ཞིག་ཨོ་གླིང་དང་། ཨི་ཊ་ལི། དབྱིན་ཡུལ་བཅས་ནས་ཕྱིར་ལེན་རྒྱུ་ཡིན་ལུགས་དང་། ཕྱིར་ལེན་རྒྱུའི་གནའ་རྫས་དེ་དག་གི་ནང་། ཨོ་གླིང་ནས་ལོ་ངོ་༥༠༠ སོང་བའི་(Hanuman) སྐུ་འདྲ་ཞིག་དང་། ཨི་ཊ་ལི་ནས་སྤྱན་རས་གཟིགས་རྡོ་རྐོས་སྐུ་འདྲ། དབྱིན་ཡུལ་ནས་(Yogini idol) སྐུ་འདྲ་བཅས་ཡིན་འདུག་ལ། དེ་བཞིན་སྤྱན་རས་གཟིགས་ཀྱི་རྡོ་རྐོས་སྐུ་འདྲ་འདི་ནི་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནང་དུ་རྟེན་གཞི་བྱས་པའི་ནང་པའི་གནས་ཆེན་(Devisthan Kundalpur Temple ) ནས་ལོ་ངོ་༢༠ སྔོན་ལ་བོར་བརླག་སོང་བའི་སྐུ་འདྲ་གལ་ཆེན་ཞིག་གི་སྐོར་དང་། སྐུ་འདྲ་དེ་ནི་དུས་རབས་༨ པ་ནས་༡༢ བར་ལ་བཞེངས་ཡོད་ཚུལ་བརྗོད་འདུག
དེ་ཡང་ཨོ་གླིང་གིས་ཕྱིར་སློག་བྱས་པའི་གནའ་རྫས་མང་དག་ཅིག་གནའ་རྫས་ནག་ཚོང་རྒྱག་མཁན་རྒྱ་གར་བ་ཨ་རིའི་མི་སེར་ཡིན་པ་(Subhash Kapoor) ཟེར་བ་ཞིག་གིས་རྒྱལ་སྤྱིའི་ནག་ཚོང་ཁྲོམ་རའི་ནང་དུ་ཕྱིར་ཚོང་བྱས་ཡོད་རབས་དང་། ཁོང་༢༠༡༡ ལོར་རྒྱལ་སྤྱིའི་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད་འདུག
དེ་བཞིན་ཕྱི་ལོ་༡༩༧༢ ནས་བཟུང་ད་བར་རྒྱ་གར་གི་གནའ་རྫས་ཁག་༢༤༡ ལྷག་ཕྱིར་རང་ཡུལ་དུ་ལེན་ཐུབ་ཡོད་པ་དང་། འདས་པའི་ལོ་༨ ཀྱི་ནང་དབྱིན་ཡུལ་དང་། སིང་ཀར་པུར། འཇར་མི་ནི། ཁེ་ན་ཊ། ཨ་རི། ཨོ་གླིང་བཅས་ནས་རྒྱ་གར་གྱི་གནའ་རྫས་ཁག་༢༢༨ ཕྱིར་ལེན་ཐུབ་ཡོད་པ་མ་ཟད། དེ་བཞིན་གནའ་རྫས་༡༥༧ ཨ་རི་ནས་ཕྱིར་ཉོས་ཡོད་འདུག །
གསར་འགོད་པ། བསྟན་འཛིན་ཆོས་གྲགས།