ཨོ་གླིང་བོད་བརྒྱུད་ནང་པའི་སངས་རྒྱས་འཁྲུངས་སྐར་སྲུང་བརྩི་ཐོག་མ།

བདུན་ཕྲག་སྔ་མའི་བོད་ཚེས་ས་ག་ཟླ་བའི་ཚེས་བཅུའི་ཉིན། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྣེ་ཁྲིད་གནང་བའི་ཨོ་གླིང་ཡེ་ཤེས་འཁོར་ལོ་ནང་བསྟན་མཐུན་ཚོགས་ཀྱིས་སིད་ནི་གྲོང་ཁྱེར་དུ་སྟོན་པའི་འཁྲུངས་སྐར་རྒྱས་པ་ཞིག་སྲུང་བརྩི་ཞུས་ཡོད་འདུག

དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་༡༤ བོད་ལུགས་ས་ག་ཟླ་བའི་ཚེས་བཅུའི་ཉིན་ཨོ་གླིང་གྲོང་ཁྱེར་སིད་ནིའི་ཉེ་འགྲམ་གྱི་ས་ཁུལ་ཞིག་ཏུ་ཨོ་གླིང་ཡེ་ཤེས་འཁོར་ལོ་ནང་བསྟན་མཐུན་ཚོགས་ཞེས་པའི་ཆོས་ཚོགས་ཀྱིས་གོ་སྒྲིག་བྱས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཨོ་སི་ཁྲི་ལི་ཡའི་གླིང་ཆེན་དུ་ཐའེ་ལན་དང་རྒྱ་རིགས། ཝེ་ཏི་ནམ་སོགས་ཀྱིས་ལོ་རེ་བཞིན་སོ་སོའི་ཆོས་བརྒྱུད་ཀྱི་ལུགས་སྲོལ་བཞིན་སངས་རྒྱས་ཀྱི་འཁྲུངས་སྐར་ས་ག་ཟླ་བ་སྲུང་རྩི་ཞུ་བཞིན་ཡོད་པ་དང་། བོད་བརྒྱུད་ནང་བསྟན་པས་ཡོངས་ཁྱབ་ཐོག་གཞི་རྒྱ་ཆེ་བའི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཐོག་མ་དེ་ཆགས་ཡོད་འདུག

ཉིན་དེའི་སྟོན་པའི་འཁྲུངས་སྐར་སྲུང་བརྩིའི་ཐོག རྒྱ་རིགས་དང་། ནུབ་ཕྱོགས་མི་རིགས། ས་གནས་བོད་པ་བཅས་མཉམ་འཛོམས་ཐོག ཐོག་མར་ངོ་སྤྲོད་པ་གཉིས་ནས་བོད་དབྱིན་རྒྱ་གསུམ་གྱི་ཐོག་དུས་ཆེན་དབུ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། དེ་ནས་ཨོ་གླིང་ཡེ་ཤེས་འཁོར་ལོ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་ལྕམ་ཁི་ལོ་སྒྲི་ཡས་འཚམས་འདྲིའི་གཏམ་བཤད་གནང་སྐབས། མཁན་པོ་ས་ཆ་འདིར་ཕེབས་ནས་ལོ་གཅིག་ཙམ་ལས་མིན་ལ། ན་ནིང་ཐོག་མར་མི་ཁ་ཤས་ཤིག་ལས་མེད་པའི་ནང་ཆོས་འཛིན་གྲྭ་ཆུང་ཆུང་ཞིག་ནས་མགོ་བཙུགས་པ་དང་། དེ་ནས་ཁོང་གི་སློབ་ཁྲིད་གནང་སྟངས་ཀྱིས་རང་ཉིད་ཀྱི་ནང་ཆོས་སློབ་སྦྱོང་ལ་ཕན་ཐོགས་ཆེན་པོ་བྱུང་བ་ལྟར་། ང་རང་ངོས་ནས་ཁོང་གི་རྗེས་སུ་འབྲངས་ནས་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་སེམས་ཐག་བཅད་དེ། ད་ཆ་ཆོས་ཚོགས་སུ་ཞབས་ཞུ་དང་འབྲེལ། སྟོན་པའི་འཁྲུངས་སྐར་དུས་སྟོན་འདི་ཡང་མཁན་པོ་མཆོག་གིས་སྣེ་ཁྲིད་འོག་གོ་སྒྲིག་ཞུས་པ་ཡིན། ཞེས་སོགས་ཡེ་ཤེས་འཁོར་ལོ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་དམིགས་ཡུལ་དང་བྱེད་སྒོ། སྟོན་པའི་འཁྲུངས་སྐར་དུས་སྟོན་གྱི་དགོས་དམིགས་དང་ལས་རིམ་སོགས་སྙན་སྒྲོན་ཞུས་ཡོད་པ་རེད།

དེ་ནས་སིད་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་མཆོག་གིས་སྟོན་པའི་འཁྲུངས་སྐར་དུས་ཆེན་གོ་སྒྲིག་པ་ཡོངས་ལ་བསྔགས་བརྗོད་དང་འབྲེལ། འདི་ལྟར་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གནང་བ་གལ་འགང་ཆེན་པོ་ཡིན་པ་དང་། ལས་འགུལ་འདི་དག་བརྒྱུད་ནས་ས་གནས་ཀྱི་བོད་པ་དང་། ཁྱད་པར་གཞོན་སྐྱེས་དག་གི་བརྒྱུད་ལ་ཆོས་དང་རིག་གཞུང་གི་བག་ཆགས་བཟང་པོ་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཚུལ་སོགས་ཀྱི་གཏམ་བཤད་དང་།

དེ་རྗེས་ཁོ་རེ་ཡ་ནས་ཡིན་པའི་བྷོ་རེ་དགོན་པའི་དབུ་འཛིན་བྱང་བརྒྱུད་ནང་པའི་རྗེས་འཇུག་པ་མཁན་པོ་ཝེན་བྷོན་སུནིམས་ནང་པ་ཚང་མ་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པ་དང་། ཚང་མ་ཕན་ཚུན་དད་གུས་དང་མཐུན་ལམ་གྱི་མཛའ་བརྩེ་གོང་མཐོར་གཏོང་དགོས་པ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་།

དེ་རྗེས་་NSW ནེ་སའོ་ཐི་ཝའི་མངའ་སྡེའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝེས་གཏམ་བཤད་གནང་ཞིང་། དེ་ལྟའི་ཆར་མངའ་སྡེའི་ནང་པའི་ཚོགས་པར་ཚོགས་མིའི་ཆོས་ཚོགས་བརྒྱ་ལྷག་ཡོད་པ་དང་། ཡེ་ཤེས་འཁོར་ལོ་ནང་བསྟན་མཐུན་ཚོགས་ནི་མཐུན་ཚོགས་ཀྱི་ཚོགས་མི་ཆེས་གསར་ཤོས་ཡིན་པ་དང་། མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་ཆོས་ཕྱོགས་ཀྱི་མཛད་ཕྲིན་ཡག་པོ་ཡོང་རྒྱུར་ཡིད་ཆེས་ཆེན་པོ་ཡོད་པ། ཁྱད་པར། ཨོ་གླིང་ནི་དེང་གི་གནས་བབ་ཀྱི་ཆ་ནས་ནང་པའི་གྲངས་འབོར་ཧ་ཅང་མང་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་ཧྲིལ་པོའི་ངོས་ནས་ཀྱང་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་གདམས་ངག་དང་ནང་ཆོས་ཀྱི་ཉམས་ལེན་ཧ་ཅང་གལ་ཆེན་ཆགས་ཡོད་ཚུལ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་།

ཨོ་གླིང་ཡེ་ཤེས་འཁོར་ལོ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་བཙོ་དང་། ཐེངས་འདིའི་སྟོན་པའི་འཁྲུངས་སྐར་དུས་སྟོན་གྱི་གཙོ་འགན་གོ་སྒྲིག་པ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གོ་སྒྲིག་ལས་དོན་པ་ཡོངས་ཀྱིས་ཚབ་བྱས་ནས་འཚམས་འདྲི་དང་སྦྲགས། ང་ཚོས་གང་ཟག་དགོས་བཙན་གྱི་དབང་དུ་བྱས་ན་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་བླ་མ་དང་ལྷག་པའི་ལྷ་སོགས་མང་པོ་ཞིག་ཡོད་པ་དེ་དག་ལ་གསོལ་བ་བཏབ་སྟེ་བརྒྱུད་པ་སོ་སོའི་ལུགས་བཞིན་ཉམས་སུ་ལེན་པ་དེ་དོན་དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ཡིན་ན་ཡང་། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་། བསྟན་པའི་བདག་པོ་སངས་རྒྱས་གཅིག་ལས་མེད་པས། སངས་རྒྱས་བཅོམ་ལྡན་འདས་དང་འབྲེལ་བའི་དུས་ཆེན་སྲུང་བརྩི་ཞུ་བ། སྟོན་པའི་སངས་རྒྱས་ཀྱི་གསུང་རང་ལ་སློབ་སྦྱོང་བྱེད་པ་སོགས་ཧ་ཅང་གལ་ཆེན་ཡིན་པ་དང་། ཁྱད་པར་ནང་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུ་བ་དེ་གལ་ཆེན་ཆགས་ཀྱི་ཡོད་པ་མ་ཟད། དུས་ཆེན་སུམ་འཛོམས་ས་ག་ཟླ་བ་འདིར་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་དགེ་སྦྱོར་དང་ལས་འགུལ་མང་ཙམ་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ། མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ཁོར་ཡུག་མེད་པའི་སྤྱི་ཚོགས་སུ་འཚར་ལོངས་འབྱུང་བཞིན་པའི་བོད་པའི་གཞོན་སྐྱེས་དང་ཕྲུ་གུ་ཚོར་མཚོན་ན་དེ་བས་ཀྱང་ལས་འགུལ་དང་མཛད་སྒོ་འདི་ལྟ་བུ་གོ་སྒྲིག་གི་ལམ་ནས་ནང་ཆོས་དང་རིག་གཞུང་གི་བག་ཆགས་རྒྱུད་སྤྲོད་བྱ་གལ་ཆེན་པོ་ཡིན་པ་མཐོང་བའི་ཐོག་ནས་སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་གྱི་དུས་སྟོན་འདི་གོ་སྒྲིག་ཞུས་པ་ཡིན་སྐོར་གསུངས་པ་དང་ཆབ་གཅིག དེ་རིང་གི་ཉིན་འདི་ས་ག་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཁེལ་གྱི་ཡོད་པས་གུ་རུའི་ཚོགས་འཁོར་ཞིག་ཀྱང་མཉམ་དུ་གོ་སྒྲིག་ཞུས་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་།

གོ་སྒྲིག་ལས་ཁུངས་ཀྱིས་དེར་ཡོད་ཕྲུ་གུ་ལྔ་བཅུ་ལྷག་ལ་རེ་རེ་བཞིན་མེ་ཏོག་གི་ཕྲེང་བ་དང་། དབྲོག་ཞུ་སོགས་ཕྲུ་གུ་ལ་རན་པའི་འཁྲུངས་སྐར་བརྔན་པ་ལག་རྟགས་སུ་སྤྲད་དེ་སངས་རྒྱས་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཤིང་། དེ་བཞིན་གུ་རུའི་ཚོགས་མཆོད་དང་། དགེ་འདུན་པར་སྐུ་འགྱེད། མི་མང་ལ་ཚོགས་རྫས་དང་དྲན་རྟེན་སོགས་འགྱེད་གནང་རྗེས། སིད་ནི་བོད་ཡིག་སློབ་གྲྭ་རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་དང་། དེ་བཞིན་ས་གནས་ཀྱི་རྒྱ་རིགས་དང་། དབྱིན་ཇི་བོད་པ་བཅས་ཀྱི་རིག་གཞུང་འཁྲབ་སྟོན་ཁག་དང་། རིགས་ལམ་དམ་བཅའ། སྙན་ངག་གྱེར་འདོན། དཀར་ཟས་རོལ་དགོས་འབོད་སྐུལ། ཐུབ་པའི་མཛད་རྣམ་སོགས་དང་འབྲེལ་བའི་གཏམ་བཤད་བཅས་ཀྱི་ལས་རིམ་ཡོངས་སུ་གྲུབ་ཡོད་པ་རེད།

མཐར་ཚང་མས་མཉམ་དུ་མར་མེའི་སྨོན་ལམ་གསུང་བཞིན་ལས་འགུལ་ཡོངས་སུ་མཇུག་བསྒྲིལ་བ་དང་། ཚོགས་ཞུགས་པ་ཚང་མས་ཐེངས་འདིའི་སྟོན་པའི་འཁྲུངས་སྐར་དུས་སྟོན་གྱི་མཛད་སྒོ་ལ་བསྔགས་བརྗོད་དང་ཡི་རངས་བྱེད་ཀྱི་ཡོད་འདུག །

གོ་སྒྲིག་ལས་ཁུངས་ཀྱི་ངོས་ནས་བརྗོད་ན། མ་ལེ་ཤེ་ཡ་དང་སེང་ག་པུར་ནས་རྒྱ་རིགས་སློབ་མ་ཁག་ཅིག་ཆེད་བཅར་ཞུས་ཡོད་པ་དང་། མོར་བྷིན་སོགས་གྲོང་ཁྱེར་གཞན་ནས་ཀྱང་ཕེབས་ཡོད་འདུག ཕྲུ་གུ་ལ་བརྔན་པ་སྤྲད་པའི་གྲངས་འབོལ་ལ་དཔག་ན་ཕྲུ་གུ་ཁོ་རང་ལྔ་བཅུ་བརྒལ་ཡོད་པ་དང་། དེ་མཚུངས་མི་མང་ཡང་ཁྱོན་བཞི་བརྒྱ་ཡས་མས་ཤིག་མཉམ་ཞུགས་བྱས་ཡོད་འདུག

མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བརྗོད་དོན། ཐེངས་འདིའི་ལས་འགུལ་བརྒྱུད་ནས་ས་ཆ་འདིའི་བོད་རིགས་སྤྱི་དང་ཁྱད་པར་གཞོན་སྐྱེས་དང་ཕྲུ་གུ་ཚོར་བག་ཆགས་ཡག་པོ་ཞིག་འཇོག་ཐུབ་སོང་། དེ་བཞིན་ལས་ཀ་བྱེད་མཁན་ཚང་མའི་གུས་ཞབས་དང་མཐུན་ལམ་ཡོད་པ། གོ་རིམ་དང་སྒྲིག་འཛུགས་ཡོད་པའི་ཐོག་ནས་ལས་ཀ་ཚགས་ཚུད་པོ་བྱུང་ཡོད་པ་དང་། མི་རིགས་གཞན་པ་མང་པོ་ཞིག་གིས་ཀྱང་། བོད་པ་དག་གི་ལུས་སེམས་ཀྱི་ཐོག་ཏུ་ཡོད་པའི་ཆོས་དང་རིག་གཞུང་གི་གོམས་གཤིས་དེ་ཚོ་མཐོང་ནས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག ངའི་སློབ་མ་རྒྱ་རིགས་དག་གིས་ཀྱང་། སིད་ནི་ནས་བོད་ཀྱི་ནང་ཆོས་ཀྱི་མཛད་སྒོར་མཉམ་ཞུགས་ཐུབ་པ་དང་། བོད་པའི་རིག་གཞུང་ལ་མྱོང་རོལ་གྱི་གོ་སྐབས་ཡོད་པ་ཧ་ཅང་དགའ་པོ་བྱུང་། བོད་པ་དག་གི་སྤྲོ་སྣང་གིས་ཁེངས་པའི་ངོ་གདོང་དང་གཤིས་ཀ་མཐོང་ནས་ཧ་ཅང་སེམས་འགུལ་ཐེབས་ཚུལ་བརྗོད་མཁན་བྱུང་། ཡུལ་ངོས་སུ་ཡང་བོད་པ་ཁྲོམ་སྟོན་མཁན་དག་གི་ས་ནས་བོད་ཆས་ཉོས་ནས་གོན་དེ་མཛད་སྒོར་ཞུགས་པ་དང་། བོད་ལུགས་ཀྱི་གཞས་སྣ་འཁྲབ་སྟོན་ལ་དམིགས་བསལ་དགའ་སྣང་བྱེད་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱང་གང་ལེགས་བྱུང་སོང་། ཁྱད་པར་དུ། ཕྲུ་གུ་དག་ལ་སེམས་ཁམས་དང་མཐུན་པའི་བརྔན་པ་སྤྲད་ནས་སོ་སོའི་སྟོན་པའི་འཁྲུངས་སྐར་གྱི་སྐོར་ལ་གོ་རྟོགས་སྤྲོད་ཐུབ་པ་བྱུང་བ་དེ་གལ་ཆེ་ཤོས་ཤིག་ལ་བརྩིས་ཡོད་ལ། བསམ་པ་ནང་བཞིན་ཡག་པོ་བྱུང་སོང་། ཞེས་འགྲེལ་བརྗོད་གནང་སོང་།

ཡེ་ཤེས་འཁོར་ལོ་ནི་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱི་ཆོས་ཚོགས་ཀྱི་མིང་ཡིན་པ་དང་། ཐའེ་ཝན་དང་མ་ལེ་ཤི་ཡ་གཉིས་སུའང་ཡེ་ཤེས་འཁོར་ལོའི་མིང་ཐོག་ནས་ཆོས་ཚོགས་ཁག་གཉིས་ཡོད་པར་མ་ཟད། ལོ་སྔ་མར་ཡང་། ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་མིང་ཐོག་ནས་ཨོ་གླིང་དུ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།