ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་རྒྱབ་སྐྱོར་ཡོད་སྐོར་གསུངས་སོང་།

ཟླ་༤ པའི་ཚེས་ ༡༩ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་(Sharon Claydon)དང་། གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་(Janet Elizabeth Rice)། གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སོ་ཧྥེ་ཨན་ན། གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སུ་སན་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་གནང་སོང་། 

སྐབས་དེར་ལྕམ་སྐུ་སུ་སན་གྱིས་གསུང་དོན། ང་ཚོས་བོད་ནང་གི་བོད་མི་རྣམས་ལ་རིག་གཞུང་དང་། སློབ་སྦྱོང་། སྐད་ཡིག དེ་བཞིན་བོད་མིའི་འཚོ་བ་བཅས་ལ་ཉེན་ཁ་འཕྲད་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་འདིར་སླེབས་ནས་གནད་དོན་དེ་དག་གི་སྐོར་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་དང་། ལྕམ་སྐུ་ཇེ་ནེ་ཊི་ཡིས། ངས་དུས་ཡུན་རིང་པོའི་རིང་བོད་དོན་སླད་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ནང་ཞུ་གཏུག་བྱས་མྱོང་ཡོད་ལ། དེ་བཞིན་ན་ནིང་ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཅར་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཅས་མཇལ་འཕྲད་བྱུང་ཡོད། འདིར་སླར་ཡང་ཁོང་རྣམ་པ་མཇལ་འཕྲད་བྱུང་། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་། བོད་ནང་རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་སྟབས་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་། དེ་བཞིན་༸གོང་ས་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་བཅས་ལ་མཇལ་འཕྲད་བྱུང་བས་དངོས་གནས་དྲང་གནས་སེམས་ཤུགས་འཕར་སོང་། ང་ཚོ་ཕར་ལོག་རྗེས་བོད་ལ་དྲང་བདེན་ཐོབ་ཐབས་སུ་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་བཞིན་ལྕམ་སྐུ་ཤཱ་རོན་གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ནང་ཆ་ཤས་ལེན་གྱི་ཡོད་པ་དེས་ང་ཚོར་ཧ་ཅང་སེམས་འགུལ་ཐེབས་བཅུག་སོང་། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཚགས་ཚུད་ཡོད་པ་དེ་ནི་མིག་དཔེ་ལྟ་འོས་པ་ཞིག་རེད། བཙན་བྱོལ་བོད་མི་རྣམས་ཀྱིས་འཛམ་གླིང་ལ་དཔེ་སྟོན་གྱི་མང་གཙོའི་སྒྲིག་འཛུགས་ཤིག་བཟོས་གནང་ཡོད་ཅེས་གསུངས་སོང་།

དེ་རྗེས་ལྕམ་སྐུ་སོ་ཧྥེ་ཨན་ནན་གྱིས་གསུང་དོན། ཨོ་སི་ཀྲོ་ལི་ཡ་གཞུང་གི་ངོས་ནས་རྒྱལ་ཁབ་དེའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་སྲུང་སྐྱོབ་གནང་གི་ཡོད་ལ། མུ་མཐུད་དེ་ལྟར་སྲུང་སྐྱོབ་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ་ཡིན། ཨོ་སི་ཀྲོ་ལི་ཡས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། ཆོས་དད་རང་དབང་། རིག་གཞུང་གི་རང་དབང་བཅས་གཙོ་བོ་འཛིན་གྱི་ཡོད་པས་ཨོ་སི་ཀྲོ་ལི་ཡ་དང་བོད་པར་འདྲ་བའི་ཆ་མང་པོ་ཡོད་ཅེས་གསུངས་སོང་།

གསར་འགོད་པའི་དྲི་བའི་ནང་དུ། ཨ་རིའི་གཞུང་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བ་ལྟར། ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཀྱང་དེ་ལྟར་གནང་ཐུབ་མིན་སྐོར་བཀའ་འདྲི་ཞུས་སྐབས། ལྕམ་སྐུ་སུ་སན་གྱིས་ང་ཚོས་གནད་དོན་དེ་གཞུང་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པར་སྙན་སྒྲོན་ཞུ་རྒྱུ་ཡིན་ལ། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་སྤྱིའི་སྐོར་གླེང་སློང་ཞུ་རྒྱུ་ཡིན་སྐོར་ལན་འདེབས་གནང་སོང་།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་གང་བསྩལ་ཡོད་སྐོར་བཀའ་འདྲི་ཞུས་པར། ལྕམ་སྐུ་ཇེ་ནེ་ཊི་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་གནང་མཛད་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་རིག་གཞུང་རྩ་གཏོར་གཏོང་ཐབས་བྱས་ཡོད་ཀྱང་བཏང་ཐུབ་མེད་པ་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ། ང་ཚོས་བོད་མིར་རང་དབང་དང་དྲང་བདེན་ཐོབ་ཐབས་སུ་མུ་མཐུད་འབད་བརྩོན་རྒྱུ་ཡིན་ཞེས་སོགས་གསུངས་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ།