ཨོ་སི་ཁྲུ་ལི་ཡའི་ནང་རྒྱ་ནག་ལ་ཡིད་ཆེས་རླག་བཞིན་པ།
ཨོ་སི་ཁྲུ་ལི་ཡའི་ཉམས་ཞིབ་ཁང་ཞིག་གིས་བཏོན་པའི་སྙན་ཐོ་གསར་ཤོས་ཀྱིས། ཨོ་སི་ཁྲུ་ལི་ཡའི་མི་མང་གིས་རྒྱ་ནག་ལ་བཟུང་བའི་ཡིད་ཆེས་ཤུགས་ཆེར་རླག་བཞིན་པ་བསྟན་ཡོད་འདུག
དེ་ཡང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སི་ཊི་ནི་(Sydney)ལ་རྟེན་གཞི་བྱས་པའི་ལོའུ་ཉམས་ཞིབ་ཁང་(Lowy Institute)ནས་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བཏོན་པའི་ཉམས་ཞིབ་ཀྱི་གྲུབ་དོན་གསར་པ་ལྟར་ན། ནད་ཡམས་ཀྱི་དཀའ་ངལ་ལ་བརྟེན་ནས་ཨོ་སི་ཁྲུ་ལི་ཡའི་མི་མང་གི་བརྒྱ་ཆ་ ༧༠ མ་ཟིན་ཙམ་གྱིས་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་གྱི་ཡོད་འདུག
ཉམས་ཞིབ་ཀྱི་གྲུབ་དོན་དེའི་ནང་། ཨོ་སི་ཁྲུ་ལི་ཡའི་མི་བཅུ་ལས་དགུས་སོ་སོའི་སྲིད་གཞུང་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་གདོང་ལེན་ཡག་པོ་བྱས་སོང་ཞེས་བཤད་འདུག་ན་ཡང་། རྒྱ་ནག་གིས་ནད་ཡམས་དེར་གདོང་ལེན་ཐད་ལ། མི་བཅུ་ནས་བདུན་གྱིས་“དེ་ཙམ་ཡག་པོ་མེད་པ་”དང་། “ཤིན་ཏུ་སྡུག་པའི་”བསམ་ཚུལ་བཤད་ཡོད་འདུག
ལོའུ་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ནཱ་ཋ་ཤ-ཁ་སམ་(Natasha Kassam)གྱིས། ནད་ཡམས་ཀྱི་དཀའ་ཉེན་ཁྲོད་ཨོ་སི་ཁྲུ་ལི་ཡའི་ནང་རྒྱ་ནག་གི་དབང་ཆ་གཅིག་སྡུད་སྲིད་གཞུང་ལ་ཞིབ་འཇུག་དང་རྒྱུས་ལོན་ཤུགས་ཆེན་བྱུང་བ་དེས་མ་འོངས་པར་ཨོ་སི་ཁྲུ་ལི་ཡའི་མི་མང་གིས་རྒྱ་ནག་ལ་བཟུང་བའི་ཡིད་ཆེས་དེ་ཉུང་དུ་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག
དེ་བཞིན་ཨོ་སི་ཁྲུ་ལི་ཡའི་མི་མང་ཕལ་ཆེ་བས་སོ་སོའི་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་གདེང་ཚོད་དང་ཡིད་ཆེས་ཡོད་ཚུལ་བརྗོད་འདུག་པ་ལས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཡིད་ཆེས་བྱེད་མཁན་ཉུང་ཉུང་ཆགས་ཡོད་འདུག
ཐེངས་འདིའི་སྤྱི་ཚོགས་ཉམས་ཞིབ་ཀྱི་ལས་འགུལ་འདི་ནི་ཕྱི་ཟླ་ ༤ ཚེས་ ༡༤ ནས་ཚེས་ ༢༧ བར་བྱས་པ་ཞིག་ཡིན་འདུག་ཅིང་། དེའི་ནང་མཉམ་ཞུགས་བྱེད་མཁན་མི་སྣ་མི་འདྲ་བ་ ༣,༠༣༦ བྱུང་འདུག
རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་འཛམ་གླིང་ཁྱོན་དུ་ཁྱབ་པའི་ཏོག་དབྱིབས་ནད་ཡམས་བྱུང་བའི་རྗེས་སུ། རྒྱ་ནག་ལ་ལྟ་སྟངས་ཡོངས་སུ་འགྱུར་མཁན་ཨོ་སི་ཁྲུ་ལི་ཡའི་མི་མང་གཅིག་པུ་རེད་མི་འདུག་སྟེ། ཉེ་ཆར་ཨ་རིའི་ཉམས་ཞིབ་ཁང་ཞིག་གིས་ཨ་རིའི་མི་མང་རྒྱ་ནག་ཐོག་ལྟ་སྟངས་ཅི་འདྲ་ཡོད་མེད་འདྲི་རྩད་བཅད་པའི་གྲུབ་དོན་ནང་། ཨ་རིའི་མི་མང་སུམ་ཆ་གཉིས་ཀྱིས་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་གྱི་ཡོད་འདུག་པ་དང་། དེ་ནི་ཉམས་ཞིབ་ཁང་དེས་ ༢༠༠༥ ལོར་དེ་ལྟ་བུའི་ཉམས་ཞིབ་ཅིག་བྱེད་འགོ་བརྩམས་པ་བཟུང་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་མཁན་གྱི་བརྒྱ་ཆ་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།