ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོ་ཞིག་ལ་རྒྱ་ནག་གིས་གསང་ཉུལ་གྱི་ཉེས་འཛུགས་བྱས། 

ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༡ ནང་རྒྱ་ནག་གི་གྷོན་ཀྲོའུ་གནམ་ཐང་ནས་འཛིན་བཟུང་བྱས་པའི་ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོ་ཡན-ཧན་ཇིན་(Yang Hengjun) ལ་གསང་ཉུལ་བའི་ཉེས་མིང་བཙུགས་པ་དང་། དེར་ཨོ་སི་ཁྲུ་ལི་ཡའི་གཞུང་ནས་བློ་ཕམ་དང་སེམས་འཚབ་བྱེད་ཀྱི་ཡོད་འདུག 

དེ་ཡང་བདུན་འདིའི་རེས་གཟའ་མིག་དམར་ཉིན། ཨོ་སི་ཁྲུ་ལི་ཡའི་གཞུང་ནས་ཨོ་སི་ཁྲུ་ལི་ཡའི་མི་སེར་དུ་གྱུར་བའི་རྒྱ་རིགས་རྩོམ་པ་པོ་ཡན-ཧན་ཇིན་གསང་ཉུལ་གྱི་དོགས་གཞིའི་འོག་ནས་འཛིན་བཟུང་བཀག་ཉར་བྱས་པར་“བློ་ཕམ་དང་སེམས་འཚབ་ཤིན་ཏུ་ཆེན་པོ་ཡོད་”སྐོར་བརྗོད་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡའི་ཕྱི་སྲིད་བློན་ཆེན་མཱ་རེ་སི-ཕན་(Marise Payne) གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། “ཨོ་སི་ཁྲུ་ལི་ཡའི་མི་སེར་དང་། འབུམ་རམས་པ་ཡན-ཧན་ཇིན་རྒྱ་ནག་གིས་གསང་ཉུལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་དེར་ང་ཚོའི་སྲིད་གཞུང་བློ་ཕམ་དང་སེམས་འཚབ་ཤིན་ཏུ་ཆེན་པོ་བྱུང་”ཞེས་བཤད་པ་མ་ཟད། རྩོམ་པ་པོ་ཁོང་ཨོ་སི་ཁྲུ་ལི་ཡའི་གཞུང་ཚབ་ཁང་གི་ལས་བྱེད་ཚོ་མ་གཏོགས་ནང་མི་དང་ཁྲིམས་རྩོད་པ་རྣམས་གཏུག་རྒྱག་ཏུ་འགྲོ་ས་མེད་པའི་གནས་སྟངས་“གདུག་རྩུབ་ཅན་”ནང་བཀག་ཉར་བྱས་ཡོད་ཚུལ་འགྲེལ་འདུག 

རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་རྩོམ་པ་པོ་ཁོང་གིས་རྒྱ་ནག་གི་བདེ་འཇགས་ལ་གནོད་པའི་ནག་ཉེས་བསགས་ཡོད་ཅེས་བཤད་ཡོད་མོད། འོན་ཀྱང་ཁོང་གི་ཁྲིམས་རྩོད་པ་རོབ་བྷི-སི་ཏྲ་རི་(Rob Stary)ཡིས་ཉེས་འཛུགས་དེ་ལ་གཞི་གང་ཡང་མེད་ཚུལ་དང་། དེ་ནི་རྩོམ་པ་པོ་ཁོང་གི་མང་གཙོའི་ལས་འགུལ་དང་འབྲེལ་བ་ཡོད་སྲིད་པ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག 

ཡན-ཧན་ཇིན་གིས་སྔོན་ཆད་རྒྱ་ནག་གཞུང་གི་ནང་ལས་ཀ་བྱེད་མྱོང་བ་དང་། ཕྱི་ལོ་༢༠༠༢ ལོར་ཨོ་སི་ཁྲོ་ལི་ཡའི་མི་སེར་དུ་གྱུར་ཏེ་སི་ཌི་ནའི་མཐོ་སློབ་(University of Technology Sydney) ནས་འབུར་རམས་པའི་ལག་ཁྱེར་བླངས་རྗེས། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཁོ་ལུམ་བྷི་ཡའི་མཐོ་སློབ་ཏུ་ལས་ཀ་བྱས། འཛིན་བཟུང་མ་ཐེབས་སྔོན་ལ། ཁོང་གིས་རྒྱ་ཡིག་ཐོག་ནས་རྒྱ་ནག་གི་ད་ལྟའི་གནས་སྟངས་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་བ་དང་། ཁོང་གི་རྩོམ་ཡིག་ལ་དོ་ཁུར་ལྟ་ཀློག་བྱེད་མཁན་༡༣༠,༠༠༠ ལྷག་ཡོད་འདུག 

གཞན་ཡང་། ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་ནས་རྩོམ་པ་པོ་ཁོང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཞིར་བཟུང་ངང་ལྟ་སྐྱོང་བྱེད་དགོས་པ་མ་ཟད། གལ་སྲིད་ཁོང་གི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ལ་བརྟེན་ནས་འཛིན་བཟུང་བྱས་པ་ཡིན་ན་གློད་གྲོལ་གཏོང་དགོས་ཚུལ་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།