བོད་ཀྱི་རྩོམ་རིག་སྐོར་གྱི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༡༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་༼བོད་ཀྱི་རྩོམ་རིག་འཇུག་སྒོ་༽དང་༼བོད་ཀྱི་རྩོམ་རིག་སྤྱི་བཤད།༽ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་ཡོད་པ་རེད།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་ཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་སོགས་རྩོམ་པ་པོ་ཁག་ཅིག་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

དགེ་གཤེས་བེེ་རི་འཇིགས་མེད་དབང་རྒྱལ་གྱིས། ཁོང་གི་ནུས་པ་ཆེ་ཤོས་ནི་རྩོམ་རིག་དང་སློབ་ཁྲིད་གནང་རྒྱུ་ཡིན་སྟབས། ཁོང་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་བཅུ་ཕྲག་གཉིས་ལྷག་ནང་གནད་དོན་སྣ་ཚོགས་ཐོག་དཔེ་དེབ་༢༡ འདོན་སྤེལ་བྱས་ཡོད་རུང་། ད་བར་དབུ་འབྱེད་ཀྱི་མཛད་སྒོ་སོགས་གང་ཡང་འཚོགས་མེད་སྐོར་དང་། ད་ཐེངས་ཀྱི་དཔེ་དེབ་གཉིས་པོ་དེ་ནི། འཛམ་གླིང་ས་ཕྱོགས་གང་སར་རྩོམ་རིག་སྒྱུ་སྩལ་རྒྱུད་མང་ཚོགས་ཀྱི་སེམས་ཁམས་ཀྱི་ཁ་ལོ་འགྱུར་ཐུབ་རྒྱུ་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡོང་མི་ཐུབ་ཀྱང་། ཐོག་མ་རྩོམ་རིག་ཐད་བག་ཆགས་ཤིག་འཇོག་ཐུབ་པ་ཡོང་ཆེད་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ་ཡིན་སྐོར་ངོ་སྤྲོད་གནང་སོང་།

10477051_813994བོད་ཀྱི་རྩོམ་རིག་འཇུག་སྒོ་ཞེས་པ་དེ་ནི། ཁོང་གིས་འབྲས་སྤུངས་བློ་གསལ་གླིང་དང་ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཅས་སུ་ལོ་ངོ་མང་པོ་སློབ་ཁྲིད་གནང་ཡུན་རིང་། ཁོང་གིས་སློབ་ཁྲིད་གནང་བ་རྣམས་སློབ་མས་འབྲི་དེབ་ནང་ཁོད་པ་དེ་ཚོ་ཕྱོགས་སྒྲིག་གིས་འདོན་སྤེལ་བྱས་པ་ཞིག་ཡིན་པ་དང་། གཞན་ཡང་བོད་ཀྱི་རྩོམ་རིག་སྤྱི་བཤད་ཅེས་པ་ནི། འདས་པའི་ལོ་ཤས་ནང་ཁོང་གིས་རྒྱལ་སྤྱིའི་ལྷན་ཚོགས་དང་ཟབ་སྦྱོང་། ཚོགས་འདུ་བཅས་སུ་གསུང་བཤད་གནང་བ་ཁག་དང་། གཞན་ཡང་དུས་དེབ་སོགས་སུ་རྩོམ་ཤོག་ཏུ་ཕུལ་བ་སོགས་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག

མགྲོན་གྱི་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ད་ལྟའི་དུས་སྐབས་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྡེབ་སྦྱོར་རིག་པའི་ཐོག་མཁས་པའི་མི་སྣ་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། སློབ་སྦྱོང་བྱེད་མྱོང་མཁན་ཡང་ཉུང་ཉུང་ཆགས་བཞིན་ཡོད་སྟབས། དགེ་གཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱི་ཕྱག་དེབ་བོད་ཀྱི་རྩོམ་རིག་འཇུག་སྒོ་ཞེས་པའི་ནང་སྡེབ་སྦྱོར་སྐོར་ཁོད་ཐུབ་པ་དེར་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོང་གིས་རང་ཉིད་ཀྱི་ཤེས་བྱ་ཡོན་ཏན་རྣམས་སློབ་ཁྲིད་གནང་བཞིན་ཡོད་པ་དེ་ནི་བོད་པའི་རིག་གནས་སྤྱིར་ཞབས་འདེགས་ཆེན་པོ་ཡིན་པ་དང་། དེ་མུ་མཐུད་རྒྱུ་ཧ་ཅང་གལ་གངས་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་བཞིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་གཉིས་ནས་ཀྱང་། རྩོམ་པ་པོའི་འདས་པའི་ལོ་ངོ་༢༠ ལྷག་རིང་གི་རྩོམ་རིག་དང་འབྲེལ་བའི་སྐོར་གྱི་གཏམ་བཤད་གནང་ཡོད་པ་རེད།།