མ་འདས་ཡང་སྤྲུལ་དགོས་ངེས་རེད།
འོན་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང༌། བོད་མིའི་ལས་དབང་གིས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་དང༌། ད་ལྟའི་དངོས་ཡོད་གནས་སྟངས། འབྱུང་འགྱུར་བོད་ཀྱི་མདུན་ལམ་བཅས་པར་ཁ་བྲལ་ཐབས་གཏན་ནས་མེད་པའི་ཆོལ་གསུམ་གཞིས་བྱེས་བོད་མི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བརྩི་བཀུར་བྱེད་ཡུལ་ཆོས་སྲིད་གཉིས་ཀའི་རླབས་ཆེན་གྱི་དབུ་ཁྲིད་བླ་ན་མེད་པ་གཅིག་པུ་དེ་ཡིན་པས། ྋགོང་ས་མཆོག་ནི་ང་ཚོའི་རྒྱལ་ཁབ་དང་མི་རིགས་བསྟན་སྲིད་བཅས་པ་གཅིག་སྒྲིལ་ཐུབ་པའི་བླ་སྲོག་དང་ལྟ་བའི་མིག་གཅིག་པུ་དེ་རང་ཡིན་པ་གཟུར་གནས་ཀུན་གྱིས་མཁྱེན་གསལ་ལྟར་ན། ཕྱོགས་གཅིག་ནས་ང་ཚོས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོལ་གསུམ་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་གཅིག་ཉིད་ཡིན་པ་མ་ཟད། མགོན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བརྟེན་ནས། བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་གནས་ལུགས་རྒྱ་ནག་གཞུང་དམངས་ཡོངས་ནས་གསལ་པོར་རྟོགས་ཐབས། སྔར་ལས་ལྷག་པའི་སྒོ་ནས་ཕྱི་ནང་གི་སྟོབས་ཤུགས་ཡོད་ཚད་བསྐུལ་སློང་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་གཞུང་གིས་འཁྱོག་བཤད་གང་དག་རྫུན་རྐུབ་མཐིལ་ཕྱིན་པ་བཏོལ་ཐབས་དཀའ་ངལ་ཁྲི་ཕྲག་ཁྱད་བསད་དང༌། ཡོངས་རྫོགས་བློས་གཏོང་གིས་མུ་མཐུད་ལས་འགུལ་སྤེལ་གལ་ཆེ་བ་མ་ཟད། ཕྱོགས་གཞན་ཞིག་ནས་རྒྱ་དམར་གྱི་དབང་འཛིན་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་མཆོག་ལ་མཚན་སྨད་ཚབས་ཆེ་ཞུས་ནས་སྐུ་ཚེར་རེ་སྒུག་གི་བོད་དོན་ནར་འགྱངས་བྱེད་པ་མ་ཟད། ཆེས་སྨྱོ་ཧམ་ཆེན་པོས་ཡང་སྲིད་རྫུན་མ་བཟོ་རྒྱུའི་རེ་ངན་གྱིས་འབད་བརྩོན་བྱེད་བཞིན་པ་ནི། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཇི་བཞིན་ཆོལ་གསུམ་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་སེམས་གཅིག་ཏུ་སྒྲིལ་ཐུབ་པའི་རྩ་བའི་སྟོབས་ཤུགས་ཀྱི་འབྱུང་རྩའམ་ལྟ་བའི་མིག་དངོས་གནས་དེ་དྲུས་ནས་མིག་རྫུན་མ་ཞིག་སྤྲད་དེ་ཕྱི་ཚུལ་དུ་མིག་ལྡན་ལྟར་སྣང་ཡང༌། དོན་དངོས་ཐོག་ལོང་བ་ལག་ཁྲིད་ལྟར་ཁོ་པ་ཚོས་གང་ཁྲིད་སར་མི་འགྲོ་ཐབས་མེད་ཀྱིས་ཁ་འཐོར་དུ་བཏང་སྟེ། འཛམ་གླིང་མི་མང་དང་བཅས་པ་མགོ་རྨོངས་སུ་བཅུག་ནས། བོད་མི་རིགས་བསྟན་སྲིད་དང་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་གདུག་རྩུབ་ངན་གཡོ་ཚང་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ན། ཕམ་ཉེས་བྱུང་བའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་ལྡོག་ཕྱོགས་ཀྱི་དགེ་རྒན་མཆོག་ཏུ་གྱུར་པ་ཞིག་ཏུ་བརྩིས་ནས། སླར་ཡང་ཕམ་ཉེས་མི་ཡོང་བའི་འགན་ལེན་བྱེད་དགོས་པས། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་རྗེའི་གཟིགས་རྒྱང་རིང་པོས་མ་འདས་ཡང་སྲིད་བྱོན་སྲིད་པའི་བཀའ་ལུང་གིས་ས་བོན་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་ཕེབས་དོན་དག་སྣང་ཆུང་ཟོམ་འཇོག་ཏུ་མ་སོང་བར། བོད་གཞུང་དམངས་ཡོངས་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མ་འདས་ཡང་སྲིད་བྱོན་རྒྱུའི་གསོལ་བ་ཕུར་ཚུགས་སུ་བཏབ་ནས། རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་གྱི་ངོས་ལེན་གཙང་མ་ཡོང་ཐབས་གནང་རྒྱུ་བཅས་ནི་ང་ཚོས་ངེས་པར་དུ་བསྒྲུབ་དགོས་ངེས་ཀྱི་བྱ་བ་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་པ་མ་ཟད། བསྒྲུབ་ཐུབ་ངེས་ཀྱི་བྱ་བ་ཡང་དག་པ་དང་གཟི་བརྗིད་ལྡན་པ། རླབས་ཆེན་གྱི་རྒྱལ་ཁའི་རང་བཞིན་ལྡན་པ་བཅས་ཡིན་པས་ཀུན་གྱིས་དགོངས་བཞེས་ཀྱིས། ཕྱག་ལེན་འཁེལ་ཐབས་ཡོང་བ་ཞེས་ལག་ཟུང་ཐལ་མོ་སྦྱར་ཏེ་ནན་བསྐུལ་ཞུ་རྒྱུ་བཅས་ཚ་བ་དགེ་བཤེས་ཕུར་བུ་བསམ་གྲུབ་ཀྱིས།།